༉ རྒྱ་གར་ལུ་ ཅ་དངོས་དང་ཞབས་ཏོག་ཁྲལ་ འགོ་བཙུགས་ཏེ་ ཟླཝ་༣ ལང་ཡོད་རུང་ འབྲུག་རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་ནང་ ཞབས་ཏོག་དེ་ལུ་བརྟེན་པའི་ འོང་འབབ་ག་ནི་ཡང་ ཐོབ་མ་ཚུགས་པར་ ཡོདཔ་ཨིན་པས།
མ་གཞི་ རྒྱལ་ཁབ་ནང་ ཅ་དངོས་ཚུ་ ནང་འདྲེན་འབད་བའི་སྐབས་ ཞབས་ཏོག་གི་ཁྲལ་དེ་ རིན་མེད་སྟོང་པར་ཨིན་རུང་ ཅ་ཆས་ཀྱི་གོང་ཚད་དེ་ མར་ཕབ་མ་འབད་བར་ ཧེ་མ་བཟུམ་སྦེ་ར་ཡོདཔ་ལས་ ད་ཚུན་ ཚོང་མགྲོན་པ་ ཕུད་རྡོག་ཅིག་ལུ་ར་ ཞབས་ཏོག་དེ་གིས་ ཁེ་ཕན་འབྱུང་མ་ཚུགས་པས།
ཀུན་གསལ་གྱིས་ ཕུན་ཚོགས་གླིང་ཁྲོམ་གྱི་ ཚོང་པ་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་བའི་སྐབས་ སིལ་ཚོང་ཁང་ཚུ་ནང་ལས་ཕར་ སོ་སྨན་གྱི་ གོང་ཚད་དེ་ དུམ་གྲ་ཅིག་ མར་བབས་སོང་ཡོད་པའི་ ཤེས་རྟོགས་བྱུང་མི་དེ་ཡང་ ཧེ་མ་ སོ་སྨན་ག་རམ་༡༠༠ འབད་མི་ ཤོག་སྒམ་༡ ལུ་ གོང་ཚད་དངུལ་ཀྲམ་༥༢ འབད་མི་དེ་ ད་རེས་ དངུལ་ཀྲམ་༤༦ སྦེ་ བཙོང་དོ་ཡོདཔ་ཨིན་པས།
ཕུན་ཚོང་གླིང་གི་ ཅ་ཆས་མཛོད་ཁང་གི་ ལས་བྱེདཔ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཅ་ཆས་ཚུ་གི་ གོང་ཚད་མར་ཕབ་འབད་ནི་ལུ་ ལཱ་ཁག་གཏང་ནི་མས་ཟེར་ཨིནམ་ད་ བུམ་ཐང་ལུ་ ཁོང་གི་ ཚོང་འགྲོན་པ་ཚུ་གིས་འབད་རུང་ ཁེ་ཕན་གྱི་སྐོར་ལས་ གཞུང་གིས་ ཁྱབ་བསྒྲགས་འབད་མི་དང་བསྟུན་ ཅ་དངོས་ཀྱི་གོང་ཚད་དེ་ མར་འབབ་འགྱོ་དགོཔ་སྦེ་ སླབ་དེས་ཟེར་ཨིན་པས།
མ་གཞི་ ཞབས་ཏོག་དང་འཁྲིལ་ ག་ཅི་ཡང་ འབད་མ་དགོ་རུང་ ད་རེས་ནངས་པར་ སིལ་ཚོང་ཁང་ཚུ་ནང་ ཆུམ་གྱི་གོང་ཚད་དེ་ ཡར་སེང་སོང་སྟེ་ཡོདཔ་ད་ ཆུམ་གྱི་གོང་ཚད་དེ་ དུས་ཚོད་དང་འཁྲིལ་ཏེ་ བསྒྱུར་བཅོས་འགྱོ་དོ་ཟེར་ སིལ་ཚོང་ཁང་གི་ འཛིན་སྐྱོང་པ་ཅིག་གིས་ བཤདཔ་ཨིན་པས།
ཀུན་གསལ་གྱིས་ ཕུན་ཚོགས་གླིང་ལུ་ཡོད་པའི་ འབྲུག་ཟ་སྤྱོད་ལས་འཛིན་གྱི་ ཡིག་ཚང་ལྟེ་བ་དང་གཅིག་ཁར་ གྲོས་བསྟུན་འབད་བའི་སྐབས་ ལས་འཛིན་གྱིས་ ཅ་ཆས་ཚུ་ ཞབས་ཏོག་གི་ཁྲལ་ མ་བཀལ་བར་ ཚོང་མགྲོན་པ་༣༠༠ དེ་ཅིག་ལུ་ ཚོང་འབྲེལ་འཐབ་ཡོད་པའི་ མངོན་གསལ་བྱུང་ཡི།
ཨིན་རུང་ ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ གོང་ཚད་མར་ཕབ་འབད་ཡོད་པའི་ ཐོན་སྐྱེད་༣ གསལ་སྟོན་འབད་ཡོདཔ་ད་ ལས་འཛིན་གྱི་ འཛིན་སྐྱོང་འགོ་དཔོན་ངོ་ཚབ་ མཚོ་སྐྱིད་དབང་མོ་གིས་ སླབ་མིའི་ནང་ ད་རེས་ སུ་རཱཤ་ཤ་ ཕི་ནཱལ་དང་ སཱན་ཌོརཔ་མར་ཁུའི་ཐོན་སྐྱེད་༢ ཀྱི་གོང་ཚད་མ་གཏོགས་ མར་འབབ་མ་འགྱོ་ཟེར་ཨིན་པས།
ཞབས་ཏོག་གི་ཁྲལ་ལུ་བརྟེན་ ལི་ཊར་༥ འབད་མི་ སུ་རཱཤ་ཤ་ ཕི་ནཱལ་གྱི་གོང་ཚད་དེ་ དངུལ་ཀྲམ་༡,༤༠༠ ལས་༡,༢༠༤ ལུ་ མར་བབས་སོང་བའི་ཁར་ ལི་ཊར་༥ འབད་མི་ སཱན་ཌོརཔ་མར་ཁུ་གི་ གོང་ཚད་དེ་ དངུལ་ཀྲམ་༡,༨༩༩ ལས་ དངུལ་ཀྲམ་༡,༨༦༤ ལུ་ མར་བབས་སོང་ཡོདཔ་ཨིན་པས།
ལས་འཛིན་གྱིས་ ནངས་པར་ བཟོ་གྲྭ་ཁང་གི་འཐུས་མི་ཚུ་དང་གཅིག་ཁར་ གནད་དོན་དེའི་ཐོག་ལུ་ གྲོས་བསྟུན་འབད་ནིའི་ ལས་རིམ་ཡོདཔ་ད་ དེ་བསྒང་ དོགས་པ་ཚུ་ སེལ་ཚུགས་པའི་ རེ་བ་ཡོད་ཟེར་ མཚོ་སྐྱིད་དབང་མོ་གིས་ བཤདཔ་ཨིན་པས།
དེ་ལས་ ད་རེས་ནངས་པར་ ཚོང་འབྲེལ་བ་དང་ སྐྱེལ་འདྲེན་པ་ཚུ་གིས་ དོ་སྐྱེལ་འདྲེན་འབད་ནི་ལུ་ རྒྱ་གར་ས་མཚམས་ཀྱི་ ཅ་དམ་ཡིག་ཚང་ལས་ དུས་ཚོད་ཁར་ ཅ་ཆས་ཚུ་ ནང་འདྲེན་འབད་ནི་ལུ་ གདོང་ལེན་བྱུང་མི་དེ་ གཙོ་བོ་ར་ ཅ་ཆས་བཀྲམ་སྤེལ་འབད་མི་ཚུ་དང་གཅིག་ཁར་ ཐོན་དོ་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ལུ་ ཅ་ཆས་སྐྱེལ་འདྲེན་ནང་ ལཱ་འབད་མི་ཅིག་གིས་ སླབ་མིའི་ནང་ ཅ་ཆས་ཚུ་ དུས་ཚོད་ཁར་ ལྷོད་མ་ཚུགས་པའི་ ཉེས་བྱ་བཀལཝ་མས་ཟེར་ཨིནམ་ད་ ཀུན་གསལ་གྱིས་ ཅ་ཆས་ཚུ་ ཅ་དམ་ཡིག་ཚང་ནང་ ཉིན་གྲངས་༡༠ གྱི་རིང་ ལུས་མི་ཚུ་དང་གཅིག་ཁར་ ཕྱད་ཡོདཔ་བཞིན་དུ་ ཅ་དམ་ཡིག་ཚང་གིས་ ཅ་ཆས་ཚུ་ དུས་ཚོད་ཁར་ མ་བཏང་པར་ཡོདཔ་ལས་ འབྲུག་གི་ཅ་དམ་གྱི་ འགོ་དཔོན་ཚུ་ལས་ རྒྱབ་སྐྱོར་འཚོལ་ཡོད་པའི་ ཤེས་རྟོགས་བྱུང་ནུག།
འབྲུག་པའི་ཚོང་འབྲེལ་བ་ ལ་ལོ་ཅིག་གིས་ ཚོང་འབྲེལ་འཛིན་ཤོག་ལུ་ ཁྲལ་མ་བཀལ་བར་ ཅ་ཆས་ཚུ་ལུ་ ཁྲལ་བཀལ་མི་ལུ་བརྟེན་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ཕུག་ཚོགས་གླིང་ལུ་ཡོད་པའི་ ལུང་ཕྱོགས་ཚོང་འབྲེལ་མདོ་ཆེན་ དཔལམོ་བུ་དར་གྱིས་ ས་མཚམས་ཀྱི་ ཅ་དམ་ཡིག་ཚང་ སོང་ཡི་ཟེར་ མོ་གིས་ བཤདཔ་ཨིན་པས།
ཨིན་རུང་ མོ་གིས་འབད་བ་ཅིན་ ཅ་དམ་ཡིག་ཚང་ནང་ དཀའ་ངལ་དེ་ཅིག་ མེདཔ་མ་ཚད་ ད་ལྟོ་ཚུན་ གནད་དོན་དེའི་ཐོག་ལུ་ ཚོང་འབྲེལ་ཡིག་ཚང་ནང་ ཉོགས་བཤད་བཀོད་མི་ ག་ཡང་མ་ལྷོད་ཟེར་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༢༩ ལུ་ རྒྱ་གར་གྱི་ ནང་ཁྲལ་དང་ཅ་དམ་བཀོད་ཚོགས་ལྟེ་བ་གིས་ འབྲུག་དང་ ནེ་པཱལ་ལུ་ ཀར་གོ་ཟེར་ གནམ་གྲུ་ནང་སྐྱེལ་མི་ ཅ་དངོས་ཀྱི་ཞབས་ཏོག་ཁྲལ་ཚུ་ དགོངས་ཡངས་བྱིན་མི་ གནད་དོན་དེ་ཡང་ འབྲུག་པའི་ཚོང་འབྲེལ་བ་ཚུ་གིས་ རྒྱལ་ཁབ་༣ པ་ལས་ ཅ་ཆས་ཚུ་ ནང་འདྲེན་འབད་བའི་སྐབས་ ཞབས་ཏོག་ཁྲལ་བརྒྱ་ཆ་༡༨ མི་ཕོག་ནི་ཨིནམ་ལས་ ནང་འདྲེན་འབད་མི་ཚུ་ལུ་ ཁེ་ཕན་འབྱུང་ནི་ཨིན་པས།
ཨིན་རུང་ ཁ་ཙ་ ཀུན་གསལ་གྱིས་ ས་མཚམས་ཀྱི་ སྐྱེལ་འདྲེན་ལས་སྡེ་ཅིག་ནང་ སོང་ལྟ་བའི་སྐབས་ ཅ་དངོས་དང་ཞབས་ཏོག་ཁྲལ་དེ་ བཀལ་བཞིན་དུ་ཡོད་པའི་ མངོན་གསལ་བྱུང་ཡི།
གཞུང་གིས་ རྒྱ་གར་གཞུང་ལུ་ རྒྱ་གར་ལས་ ཅ་ཆས་ཚུ་ ནང་འདྲེན་འབད་བའི་སྐབས་ ཁྲལ་བཀལ་ནི་ལས་ དགོངས་ཡངས་བ།གཏང་དགོ་པའི་སྐོར་ལས་ གསལ་ཞུ་འབད་བཞིན་དུ་ཡོདཔ་ ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།