ཅ་ཆས་དང་ཞབས་ཏོག་འཕྲི་སྣོན་དཔྱད་ཡིག་༢༠༢༡ ཅན་མ་ཆ་འཇོག་གྲུབ་ཡོདཔ།

༉ རྒྱལ་ཡོངས་ཚོགས་སྡེ་གིས་ རྒྱལ་ཡོངས་ཚོགས་འདུ་ལུ་ མི་དམངས་དངུལ་རྩིས་འཕྲི་སྣོན་དཔྱད་ཡིག་༢༠༡༢ ཅན་མ་དེ་ འཕྲལ་མགྱོགས་ར་ འཕྲི་སྣོན་འབད་ནིའི་  གྲོས་འདེབས་ཕུལ་ཐོག་ལས་ འབྲུག་གི་ཅ་ཆས་དང་ཞབས་ཏོག་འཕྲི་སྣོན་དཔྱད་ཡིག་༢༠༢༡ ཅན་མ་ཆ་འཇོག་གནང་ཡི།

ཅ་ཆས་དང་ཞབས་ཏོག་ཁྲལ་འཕྲི་སྣོན་དཔྱད་ཡིག་༢༠༢༡ ཅན་མ་དེ་ རྒྱལ་ཡོངས་ཚོགས་འདུ་གིས་ འཕྲི་སྣོན་མཛད་ཡོད་མི་ཚུ་ མང་ཤོས་ཅིག་ལུ་ར་ རྒྱལ་ཡོངས་ཚོགས་སྡེའི་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ ངོས་ལེན་འབད་ནུག།

སྤྱི་ཟླ་༦ པའི་ཚེས་༡༦ ལུ་ ཚོགས་ཆུང་གི་ཁྲི་འཛིན་ ཆུ་ཁའི་འཐུས་མི་ སངས་རྒྱས་རྡོ་རྗེ་གིས་ ཞུ་མིའི་ནང་ གྲོས་འདེབས་དེ་ ནན་བསྐྱར་དུ་ ཕུལ་མི་དེ་ཡང་ ནམ་ཡང་བྱུང་མ་མྱོང་བའི་ དཔྱད་ཡིག་ཅིག་སྦེ་ ཅ་ཆས་དང་ཞབས་ཏོག་འཕྲི་སྣོན་དཔྱད་ཡིག་ནང་ འགོ་བཙུགས་ཟླ་ཚེས་གཉིས་སྦེ་ གསལ་བཀོད་འབད་དེ་ ཡོད་ནི་དེ་གིས་ཨིན་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ མི་དམངས་དངུལ་རྩིས་འཕྲི་སྣོན་དཔྱད་ཡིག་༢༠༡༢ ཅན་མའི་ དོན་ཚན་༤༦ (ཁ) པའི་ནང་ ཁྲལ་གང་རུང་བཀལ་ནི་ ཡང་ན་ ཡར་སེང་འབད་ནི་དང་ ཡང་ན་ ད་རེས་ཡོད་པའི་ ཁྲལ་ཆ་མེད་དང་ མར་ཕབ་ ཡང་ན་ དགོངས་ཡངས་བཞག་ནི་ཚུ་ སྤྱི་ཚོགས་ཀྱིས་ཁྲིམས་སྦེ་ ཚར་གཅིག་ཆ་འཇོག་གྲུབ་ཚེ་ རྒྱལ་ཡོངས་ཚོགས་འདུ་ནང་ འགོ་ཐོག་བཙུགས་པའི་ཚེས་གྲངས་ལས་ བསྟར་སྤྱྲོད་འབད་དགོཔ་སྦེ་ བཀོད་དེ་འདུག་ཟེར་ཨིན་པས།

ཚོགས་ཆུང་གི་ ཁྲི་འཛིན་གྱིས་ མི་དམངས་དངུལ་རྩིས་བཅའ་ཁྲིམས་༢༠༡༢ ཅན་མའི་ དོན་ཚན་༤༦ (ཁ) པ་འཕྲི་སྣོན་མ་འབདརིང་ལུ་ དེ་ལས་འགལ་བ་ཅིན་ ད་ཡོད་ཁྲིམས་ལས་ བསམ་བཞིན་ཁྲིམས་འགལ་ཨིན་པའི་ཁར་ མི་དམངས་དངུལ་རྩིས་བཅའ་ཁྲིམས་དེ་ འཕྲི་སྣོན་འབད་བ་ཅིན་ ཁྲིམས་མཐུན་འགྱོ་ནི་ཨིན་པའི་ཁར་ ཁྲིམས་ཀྱི་ལཱ་འབད་རུང་ བདེ་ཏོག་ཏོ་ འགྱོ་ནི་མས་ཟེར་ཞུ་ཡི།

ཅ་ཆས་དང་ཞབས་ཏོག་དཔྱད་ཡིག་ནང་ འགོ་བཙུགས་ཚེས་གྲངས་ མ་འདྲཝ་ཡོད་མི་ཚུ་ཡང་ དཔྱད་ཡིག་ལེའུ་༡ པ་ ལས་༦ པ་ དང་༡༡ པ་ ལས་༣༠ པ་ཚུ་ འབྲུག་གི་ཅ་ཆས་དང་ཞབས་ཏོག་ཁྲལ་བཅའ་ཁྲིམས་༢༠༢༠ ཅན་མ་ ཆ་འཇོག་གྲུབ་པའི་ཉིནམ་ལས་ བསྟར་སྤྱོད་ཨིན་པར་བརྩི་དགོཔ་ཨིན་པས།

རྒྱལ་ཡོངས་ཚོགས་སྡེ་གིས་ ཏི་རུའི་དཔྱད་ཡིག་དང་ དངུལ་འབྲེལ་དཔྱད་ཡིག་གཉིས་ཀྱི་བར་ན་ ཁྱད་པར་གསལ་ཏོག་ཏོ་ཅིག་ བཟོ་དགོཔ་སྦེ་ གྲོས་འདེབས་ཕུལ་ནུག་ཟེར་ཨིན་པས།

འཐུས་མི་སངས་རྒྱས་རྡོ་རྗེ་གིས་ ཞུ་མིའི་ནང་ རྩ་ཁྲིམས་ཆེན་མོ་དང་འཁྲིལཝ་ད་ ཏི་རུའི་དཔྱད་ཡིག་དང་ དངུལ་འབྲེལ་དཔྱད་ཡིག་གཉིས་ སོ་སོར་ཨིནམ་སྦེ་ བརྡ་སྟོནམ་ཨིན་རུང་ འབྲུག་གི་མི་དམངས་དངུལ་རྩིས་བཅའ་ཁྲིམས་༢༠༡༢ ཅན་མའི་ དོན་ཚན་༤༦(ཀ) པའི་ནང་ དངུལ་འབྲེལ་དཔྱད་ཡིག་དེ་དང་ དོན་གཅིག་ཨིནམ་སྦེ་ བརྩི་ཡོདཔ་ལས་ དགོངས་དོན་དེ་ རྩ་ཁྲིམས་ཆེན་མོའི་རྩ་ཚན་༡༣ (༢) པ་ དང་འཁྲིལ་ཏེ མིན་འདུག་ཟེར་ཨིན་པས།

གཞུང་གིས་ ཅ་ཆས་དང་ཞབས་ཏོག་ཁྲལ་གྱི་ ལས་འགུལ་དོན་ལུ་ དངུལ་ཀྲམ་ས་ཡ་༦༠༠ དེ་ཅིག་ བཞག་སྟེ་ཡོདཔ་ད་ ད་རེས་ དཔྱད་ཡིག་གི་ རིམ་ལུགས་དེ་ ཐིམ་ཕུག་བརྡ་དོན་གླིང་ག་གིས་ བཟོ་བའི་བསྒང་ཡོདཔ་ཨིན་པས།

དཔྱད་ཡིག་དེ་ བསྐྱར་གྲོས་ཀྱི་དོན་ལུ་ རྒྱལ་ཡོངས་ཚོགས་འདུ་ལུ་ ཕུལ་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *