རྒྱ་གར་གྱི་ ཅ་ཆས་དང་ཞབས་ཏོག་ཁྲལ་གྱི་ལྷན་འཛིན་ ཨུ་པིན་དར་ གུཔ་ཏ་གིས་ གསལ་བཤད་འབད་བའི་བསྒང་།

ཅ་ཆས་དང་ཞབས་ཏོག་ཁྲལ་ལུ་བརྟེན་ ཚོང་འབྲེལ་ལུ་ བྱ་སྟབས་མ་བདེཝ་བྱུང་མི་ཚུ་ སེལ་ཐབས་འབད་ནི།

༉ རྒྱ་གར་གཞུང་གིས་ རྒྱ་གར་གྱི་བྱང་ཕྱོགས་ས་གནས་དང་ འབྲུག་དང་གཅིག་ཁར་ ཚོང་འབྲེལ་འཐབ་སའི་ ས་ཁོངས་ཚུ་ནང་ གཞི་རྟེན་མཁོ་ཆས་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ ལས་འགུལ་ཅིག་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ཨིན་པས།
དེའི་སྐོར་ལས་ ད་རེས་ རྒྱལ་ཁབ་ནང་འགོ་འདྲེན་འཐབ་མི་ ཅ་ཆས་དང་ཞབས་ཏོག་ཁྲལ་གྱི་ ཞལ་འཛོམས་འཚོགས་པའི་སྐབས་ ཤེས་རྟོགས་བྱུང་ཡོདཔ་ད་ དེ་བསྒང་ རྒྱལ་ཁབ་ཀྱི་ སྒེར་སྡེའི་འཐུས་མི་ཚུ་གིས་ སླབ་མིའི་ནང་ རྒྱ་གར་གྱི་ ཅ་ཆས་དང་ཞབས་ཏོག་ཁྲལ་གྱིས་ རྒྱ་འབྲུག་༢ ཀྱི་ཚོང་འབྲེལ་ནང་ བྱ་སྟབས་མ་བདེཝ་ སྦོམ་ཐོན་ཡི་ཟེར་ཨིན་པས།
གཟིམ་སྒྲ་ཚོང་ལས་ཀྱི་ཁྲི་འཛིན་ ཨྱོན་ཚེ་ཁྱབ་རྡོ་རྗེ་གིས་འབད་བ་ཅིན་ ཅ་ཆས་དང་ཞབས་ཏོག་ཁྲལ་གྱིས་ ལུང་ཕྱོགས་རྒྱལ་ཁབ་ཚུ་དང་ཕྱདཔ་ད་ རྒྱལ་ཁབ་ནང་ བྱ་སྟབས་མ་བདེཝ་སྦོམ་ཐོན་མི་དེ་ཡང་ ཚོང་འབྲེལ་འཐབ་སའི་ རྒྱལ་ཁབ་༡ མ་གཏོགས་ རྒྱལ་ཁབ་གཞན་བཟུམ་སྦེ་ མངམ་མེད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཁྲི་འཛིན་གྱིས་འབད་བ་ཅིན་ རྒྱལ་ཁབ་ལས་ ཕྱིར་ཚོང་འཐབ་མི་ སོ་ནམ་ཐོན་སྐྱེད་ཚུ་ ཅ་ཆས་དང་ཞབས་ཏོག་གི་ཁྲལ་ བཀལ་ཚར་བའི་ཤུལ་ལས་ཡང་ དོ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་ཚུ་ ཅ་དམ་ཡིག་ཚང་གི་སྦོ་ལོགས་ཁར་ བདུན་ཕྲག་༢ དེ་ཅིག་ བཀག་བཞགཔ་ད་ བྱ་སྟབས་མ་བདེཝ་སྦོམ་སྦེ་ར་ ཐོནམ་མས་ཟེར་ཨིན་པས།
དེ་སྦེ་ བཀག་བཞག་མི་དེ་ཡང་ ཅ་ཆས་ཚུ་ ཕྱིར་ཚོང་འཐབ་ཆོག་པའི་གནང་བ་ འབྲུག་སོ་ནམ་དང་བཟའ་ཆས་ཁྲིམས་དོན་དབང་འཛིན་གྱིས་བྱིན་རུང་ དེ་ཁར་ཡོད་པའི་ ཅ་དམ་འགོ་དཔོན་ཚུ་གིས་ ངོས་ལེན་མི་འབད་བས་ཟེར་ཨིནམ་ད་ དེ་བཟུམ་གྱི་དཀའ་ངལ་དེ་ ཚོང་ནང་འདྲེན་འབད་བའི་སྐབས་ལུ་ཡང་ འཐོན་ནི་ཡོད་ཟེར་ ཁྲི་འཛིན་ཨྱོན་ཚེ་ཁྱབ་རྡོ་རྗེ་གིས་ བཤད་ཅི།
ཚོང་པ་སེངྒེ་རྡོ་རྗེ་གིས་ སླབ་མིའི་ནང་ མ་གཞི་ རྒྱ་འབྲུག་༢ ཀྱི་བར་ན་ ཐོགས་ཆགས་མེད་པའི་ ཚོང་འབྲེལ་ཆིངས་ཡིག་ཡོད་རུང་ ཅ་ཆས་དང་ ཞབས་ཏོག་ཁྲལ་ལུ་བརྟེན་ ད་རེས་ནངས་པར་ རྒྱ་གར་དང་གཅིག་ཁར་ ཚོང་འབྲེལ་འཐབ་མི་བ་ བང་ལ་དེཤ་དང་གཅིག་ཁར་རྐྱབ་མི་དེ་ དྲག་པས་ཟེར་ཨིན་པས།
དེ་མ་ཚད་ ཧེ་མ་ རྒྱ་འབྲུག་༢ ཀྱི་བར་ ཁྲལ་ཡངས་ཀྱི་ ཞབས་ཏོག་ཐོབ་མི་དེ་ ཅ་ཆས་དང་ཞབས་ཏོག་ཁྲལ་ལུ་བརྟེན་ ཅ་ཆས་ལ་ལོ་ཅིག་ལུ་ ཁྲལ་ཕོག་ནི་འདུག་ཟེར་ཨིནམ་ད་ དེ་ཡང་ རྒྱལ་ཁབ་ནང་ལས་ ཕྱིར་ཚོང་འཐབ་མི་ ཅ་ཆས་ཚུ་ རྒྱ་གར་གྱི་ ས་མཚམས་ཁར་ལྷོདཔ་ད་ ཁྲལ་བཀལ་ནི་ཡོདཔ་མ་ཚད་ རྒྱལ་ཁབ་ནང་ལས་ ཨ་སཱམ་དང་ བེང་གཱལ་གང་རུང་ཅིག་བརྒྱུད་དེ་ ཐོན་འགྱོ་བའི་སྐབས་ལུ་ཡང་ ཁྲལ་བཀལ་ནི་དེ་གིས་ བྱ་སྟབས་མི་བདེ་བས་ཟེར་ སེངྒེ་གིས་ སླབ་ཨིན་པས།
དེ་བཟུམ་གྱི་དཀའ་ངལ་དེ་ གདུང་བསམ་རྩི་ས་དབང་འཛིན་ལུ་ཡང་ ཐོན་ཡོདཔ་ད་ དེ་ཡང་ རྩི་ས་སྐྱེལ་འདྲེན་འབད་བའི་སྐབས་ ཨ་སཱམ་བརྒྱུད་དེ་འགྱོ་དགོཔ་ད་ དེ་ཁའི་ ཅ་དམ་འགོ་དཔོན་ཚུ་གིས་ ཁྲལ་བཀལ་དོ་ཡོདཔ་ད་ བསྟན་སྲུང་ཕན་བདེ་ལས་འགུལ་གྱིས་ཡང་ རྒྱུ་རྐྱེན་དེ་ལུ་བརྟེན་ རྒྱ་གར་གྱི་ བྱང་ཕྱོགས་ས་ཁོངས་ནང་ ཚོང་ལེགས་ཤོམ་འགྱོ་མ་བཏུབ་པའི་ དཀའ་ངལ་ཐོན་དོ་ཡོདཔ་ཨིན་པས།
བསམ་རྩེ་ལུ་ཡོད་པའི་ གྲང་བསིལ་ལས་སྡེའི་ཇོ་བདག་ ཡོན་ཏན་ཐུགས་རྗེ་གིས་ སླབ་མིའི་ནང་ མ་གཞི་ ཁྲལ་ཡངས་ཀྱི་ཐོག་ལས་ ལས་སྡེ་བཟོ་སྐྲུན་འབད་ནི་ འགོ་བཙུགས་ཡོད་རུང་ ཤུལ་ལས་ ཅ་ཆས་དང་ཞབས་ཏོག་ཁྲལ་ འགོ་བཙུགས་ནི་དེ་གིས་ ད་རེས་ རྒྱ་གར་ལས་བཏོན་མི་ ཅ་ཆས་ཚུ་གི་ཁྲལ་ བརྒྱ་ཆ་༡༤ ལས་༤༠ ཚུན་ ཡར་སེང་སོངམ་ད་ ཚོང་འབྲེལ་ལུ་ བྱ་སྟབས་མ་བདེཝ་སྦོམ་ཐོན་ཡི་ཟེར་ཨིན་པས།
རྒྱ་གར་གྱི་ ཅ་ཆས་དང་ཞབས་ཏོག་ཁྲལ་གྱི་ལྷན་འཛིན་ ཨུ་པིན་དར་ གུཔ་ཏ་གིས་ སླབ་མིའི་ནང་ ཅ་ཆས་དང་ཞབས་ཏོག་ཁྲལ་ལུ་བརྟེན་ རྒྱལ་ཁབ་ནང་ བྱ་སྟབས་མ་བདེཝ་ཐོན་མི་དེ་ལུ་ ཚ་གྱང་ཡོདཔ་ལས་ དཀའ་ངལ་དེ་ གདོང་ལེན་འབད་ནིའི་དོན་ལུ་ འཕྲལ་ར་ བྱང་ཕྱོགས་ས་ཁོངས་ཀྱི་ ཅ་དམ་དང་ཚོང་ཁྲལ་འགོ་དཔོན་དང་ རྒྱ་གར་གྱི་ གཞུང་ལྟེ་བ་དང་གཅིག་ཁར་ གྲོས་བསྟུན་འབད་ནི་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་གཞི་ ལམ་ལུགས་དེ་གིས་ སྤྱིར་བཏང་ཚོང་འབྲེལ་ལུ་ གནོད་ཉེན་མེད་རུང་ ལཱ་འབད་བའི་སྐབས་ བྱ་སྟབས་མ་བདེཝ་ཐོན་ཡོད་པའི་སྐོར་ལས་ ཉོགས་བཤད་བཀོད་མི་ ཐོན་ནི་དེ་གིས་ དེའི་སྐོར་ལས་ ལྟ་ཞིབ་འབད་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *