ངོས་ལེན་མེད་མི་ལུ་བརྟེན་ ཉེས་ལས་འཐབ་པའི་མངོན་གསལ།

༉ དུས་ཅི་ སྤྱི་ཟླ་༢ པའི་ནང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དགེ་ལུགས་ཕུག་ལུ་ སློབ་དཔོན་ཅིག་ལུ་ སློབ་ཕྲུག་༡ དབང་བཙོང་གི་སྒོ་ལས་ འདོད་སྤྱོད་འབད་ནི་གི་ དཔའ་བཅམ་མི་དང་ སློབ་ཕྲུག་བུམོ་གཞན་༤ ལུ་ འདོད་སྤྱོད་ཀྱི་ གནོད་འཚེ་འབད་བའི་ ཉེ་འཛུགས་ཐོག་ ཁྲིམས་ཀྱི་འདུན་སར་ རྩོད་བཤེར་འབད་བའི་བསྒང་འདུག།

ཉེས་འཛུགས་ཅན་གྱིས་ སྐྱེས་ལོ་༡༢ དང་༡༤ གི་བར་ན་འབད་མི་ བུམོ་ཚུ་ལུ་ བྱ་ངན་འཐབ་མི་དེ་ ན་ཧིང་ སྤྱི་ཟླ་༤ པའི་ནང་ཨིན་མས།

དུས་ཅི་ སྤྱི་ཟླ་༤ པའི་ནང་ ཐིམ་ཕུག་ལུ་ སྒེར་གྱི་སློབ་གྲྭ་ཅིག་གི་ དབུ་འཛིན་འོག་མ་ཅིག་གིས་ སྐྱེས་ལོ་༡༡ དང་༡༥ གི་བར་ན་འབད་མི་ སློབ་ཕྲུག་བུམོ་༩ ལུ་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འབད་བའི་ དོགས་པ་ལུ་བརྟེན་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ནུག།

གནད་དོན་དེ་གི་སྐོར་ལས་ མི་མང་ལུ་ ཤེས་རྟོགས་བྱུངམ་ཅིག་ར་ ཨམ་སྲུའི་ཆ་བཞག་དང་ ལྕོགས་གྲུབ་ཡར་སྐྱེད་ལས་སྡེའི་ བསླབ་སྟོན་པ་དག་པ་ཅིག་ སྦྱིས་མེད་ནང་ལུ་སོང་སྟེ་ སློབ་ཕྲུག་ཚུ་ལུ་ ཨ་ལོའི་ཐོབ་དབང་དང་ འདོད་སྤྱོད་དང་འབྲེལ་བའི་ སྐྱེ་རྒྱུན་འཕྲོད་བསྟེན་ ཕོ་མོའི་འདྲ་མཉམ་ ནང་འཁོད་རྩུབ་སྤྱོད་ལ་སོགས་པའི་སྐོར་ གོ་བརྡ་སྤྲོད་ཡོདཔ་ད་ ཁྲིམས་སྲུང་འགག་སྡེ་གིས་ ཉེས་ལས་འཐབ་མི་ དབུ་འཛིན་འོག་མ་དང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གཤག་བཅོས་འཕྲུལ་ལསཔ་གི་ ངོ་པར་ཚུ་ མི་སྡེ་བརྡ་བརྒྱུད་ནང་ བཙུགས་ཐོག་ལས་ ངོ་རྟགས་གསལ་སྟོན་འབད་ནུག།

ཤེས་རིག་ལྷན་ཁག་གིས་ཡང་ སྦྱིས་མེད་ནང་ལུ་ སློབ་ཕྲུག་༩ དང་ དབུ་འཛིན་འོག་མའི་ བཟའ་ཚང་ལུ་ བསླབ་སྟོན་བྱིན་ནི་དང་ སེམས་ཤུགས་བསྐྱེད་ནིའི་ ལས་རིམ་ཚུ་ འགོ་བཙུགས་ཏེ་ཡོད་ཟེར་ གནས་ཚུལ་གསར་བཏོན་འབད་ཡོདཔ་མ་ཚད་ སྒེར་གྱི་སློབ་གྲྭ་ཚུ་ནང་ སློབ་དཔོན་གསར་བཙུགས་ཀྱི་ ལམ་ལུགས་དེ་ཡང་ བསྐྱར་ཞིབ་འབད་མི་ གཞི་བཙུགས་འབད་ནུག།

དེ་གིས་མ་དོ་བར་ ཤེས་རིག་བློན་པོ་གིས་ཡང་ འདོད་སྤྱོད་དང་འབྲེལ་བའི་ ཉེས་ལས་འཐབ་པའི་ གནས་ཐོ་ཡོད་མི་ སློབ་དཔོན་ཚུ་ ང་བཅས་རའི་ ཨ་ལོ་ཚུ་ཡོད་སར་ བཞག་བཅུག་ནི་མི་འོང་ཟེར་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭའི་དབུ་འཛིན་དང་ སློབ་དཔོན་ཚུ་ལུ་ དྲན་བསྐུལ་འབད་ཡོདཔ་ཨིན་མས།

འདི་བཟུམ་མའི་ ཐབས་ལམ་བཏོན་མི་ཚུ་གིས་ བཟོད་བསྲན་འབད་མ་ཚུགས་པའི་ བྱ་སྤྱོད་ཚུ་ལུ་བལྟ་སྟེ་ ཁོང་ཁྲོ་ལང་མི་དང་ འཇིགས་སྣང་བྱུང་མི་ཚུ་ལུ་ དུམ་གྲ་ཅིག་ བློ་བདེ་ཏོག་ཏོ་བྱུང་ནུག།

ཨིན་རུང་ དགེ་ལེགས་ཕུག་ལུ་ གཞུང་གི་སློབ་གྲྭའི་ སློབ་དཔོན་ཅིག་གིས་ བྱ་ངན་འཐབ་ད་ འབྲེལ་ཡོད་དབང་འཛིན་ཚུ་ལས་ ངོས་ལེན་ག་ནི་ཡང་མ་འབད་བར་ ད་རིས་ སྦྱིས་མེད་ནང་ལུ་ བྱུང་རྐྱེན་བྱུངམ་ད་ དེ་འཕྲོ་ལས་ ངོས་ལེན་འབད་མི་དེ་ ཧ་ལས་དགོ་པའི་ གཞི་གནད་ཅིག་ཨིན་མི་དེ་ཡང་ གནས་སྟངས་དེ་ ཅོག་འཐདཔ་མེན་རུང་ དབུ་འཛིན་གྱིས་ བྱུང་རྐྱེན་དང་པའི་ནང་ ངོས་ལེན་འབད་ཡོད་པ་ཅིན་ སྦྱིས་མེད་ནང་བཟུམ་མའི་ བྱ་ངན་ཚུ་ སྔོན་འགོག་འབད་ཚུགས་ཚུགསཔ་འོང་ཟེར་མནོཝ་མས།

ཨ་ལོ་ཚུ་ལུ་ ཐབས་ལམ་སྣ་ཚོགས་ཀྱི་ཐོག་ལས་ གནོད་འཚེ་འབདཝ་མ་ཚད་ དབང་འཛིན་ཚུ་ལས་ བྱ་ངན་བཀག་ཐབས་དང་ ཤེས་བཞིན་དུ་ བྱ་ངན་འཐབ་བཅུག་མི་དེ་ཡང་ གནོད་འཚེ་འབད་བའི་གྲངས་སུ་ཚུདཔ་ཨིན།

ཞིབ་འཇུག་གི་ སྙན་ཞུ་དང་འཁྲིལཝ་ད་ ཨ་ལོ་ཚུ་ལུ་ དཀའ་སྡུག་དང་ གནོད་འཚེ་བྱུང་མི་དེ་ གསང་བཞག་དོ་ཡོདཔ་ཨིན་རུང་ སླབ་པའི་བསྒང་ལས་ ཁོང་རའི་ཆ་རོགས་དང་ བཟའ་ཚང་ཚུ་ལུ་ སླབ་དོ་ཡོདཔ་ཨིན་མས།

འདི་འབདཝ་ལས་ སློབ་གྲྭ་ཆུང་བ་ཚུ་ནང་ བསླབ་སྟོན་པ་ཚུ་མེད་མི་དང་ ཡང་ཅིན་ ཆ་རོགས་འབད་ནི་གི་ མཐུན་རྐྱེན་ཚུ་མེདཔ་ད་ ང་བཅས་རའི་ ཨ་ལོ་ཚུ་ལུ་ གནོད་འཚེ་བྱུང་མིའི་སྐོར་ ཤེས་རྟོགས་འབྱུང་ཚུགས་པར་ ལཱ་ཁག་གཏང་འོང་།

འདི་འབདཝ་ལས་ གཞུང་དང་ སྒེར་གྱི་སློབ་གྲྭ་གང་རུང་ནང་ འདི་བཟུམ་མའི་ བྱ་ངན་འཐབ་ད་ འབྲེལ་ཡོད་དབང་འཛིན་ཚུ་གིས་ དེ་འཕྲོ་ལས་ ངོས་ལེན་འབད་དགོཔ་མ་ཚད་ སློབ་དཔོན་དང་ སློབ་ཕྲུག་ཚུ་ལུ་ དུས་དང་དུས་སུ་ བསླབ་བྱ་དང་ གོ་བརྡ་ཚུ་ སྤྲོད་ནི་དེ་གལ་ཆེ།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *