༉ ད་རེས་ནངས་པར་ ནང་སྲིད་ལྷན་ཁག་གི་ ཞི་བའི་ཐོ་བཀོད་ལས་ཁུངས་ནང་ ཉིན་བསྟར་བཞིན་དུ་ ངོ་སྤྲོད་ལག་ཁྱེར་བསྐྱར་གསོ་འབད་མི་ བརྒྱ་ལས་བཅད་དེ་ འོང་དོ་ཡོདཔ་ལས་ ཞབས་ཏོག་བྱིན་མི་ཚུ་གིས་ ཁྱབ་མ་ཚུགས་པའི་ དཀའ་ངལ་ཐོན་དོ་ཡོདཔ་ཨིན་པས།
ལས་ཁུངས་ཀྱི་ ཐོ་དང་འཁྲིལ་བ་ཅིན་ ཉིན་བསྟར་བཞིན་དུ་ ངོ་སྤྲོད་ལག་ཁྱེར་བསྐྱར་གསོ་འབད་མི་༣༠༠ དེ་རེ་ འོང་དོ་ཡོདཔ་ཨིན་རུང་ ཞབས་ཏོག་ངོ་མ་དེ་ མི་གྲངས་༡༠༠ དེ་ཅིག་ལུ་མ་གཏོགས་ བྱིན་མི་ཚུགས་པས་ཟེར་ཨིན་པས།
མ་གཞི་ ཞབས་ཏོག་བྱིན་ནིའི་དོན་ལུ་ སྡོད་ཁྲི་༨ དེ་ཅིག་ནང་ ངོ་སྤྲོད་ལག་ཁྱེར་བསྐྱར་གསོ་འབད་བའི་སྐབས་ འབྲི་ཤོག་བྱིན་མི་དང་ གནས་སྡུད་བརྟག་ཞིབ་འབད་མི་ པར་བཏབ་མི་ དེ་ལས་ འཐུས་ལེན་མི་ཚུ་ཡོད་རུང་ མི་མང་ནི་དེ་གིས་ ཞབས་ཏོག་དེ་ ག་ར་ལུ་ ཁྱབ་མ་ཚུགས་པའི་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས།
ཞི་བའི་ཐོ་བཀོད་ལས་ཁུངས་ཀྱི་ ཐོ་བཀོད་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ མི་ཚུ་ག་ར་ སྟབས་གཅིག་ཁར་ སྤུངས་འོང་མི་དེ་ཡང་ ངོ་སྤྲོད་ལག་ཁྱེར་གྱི་ གནས་ཡུན་ག་ར་ སྟབས་གཅིག་ཁར་ རྫོགས་ནི་དེ་གིས་ཨིན་མས་ཟེར་ཨིནམ་ད་ དེ་ཡང་ ཧེ་མ་ ངོ་སྤྲོད་ལག་ཁྱེར་བཟོ་བའི་སྐབས་ མང་ཤོས་ཅིག་གིས་ སྤྱི་ཟླ་༦ པའི་ནང་ བཟོ་ནི་དེ་གིས་ གནས་ཡུན་ཡང་ ཟླཝ་དེ་ནང་ རྫོགས་ནུག་ཟེར་ཨིན་པས།
ངོ་སྤྲོད་ལག་ཁྱེར་གྱི་ གནས་ཡུན་དེ་ ལོ་༡༠ བྱིན་དོ་ཡོདཔ་ད་ དུས་ཅི་ བསྐྱར་གསོ་འབད་མི་ ངོ་སྤྲོད་ལག་ཁྱེར་ཚུ་ སྤྱི་ལོ་༢༠༠༧ ལུ་ བཟོ་མི་ཚུ་ཨིནམ་ད་ བསྐྱར་གསོའི་ཞབས་ཏོག་ལེན་མི་ རྫོང་ཁག་༢༠ ལས་ འོང་ཡོདཔ་ཨིན་པས།
མ་གཞི་ ཞི་བའི་ཐོ་བཀོད་ལས་ཁུངས་ཀྱིས་ ངོ་སྤྲོད་ལག་ཁྱེར་དེ་ རང་སོའི་རྒེད་འོག་ལྟེ་བ་ལས་ འཐོབ་ཚུགས་པའི་ལམ་ལུགས་བཟོ་ཡོད་རུང་ ད་ལྟོ་ འགོ་བཙུགསཔ་ཅིག་འབད་ནི་དེ་གིས་ དེ་ལུ་ དུམ་གྲ་ཅིག་ བྱ་སྟབས་མ་བདེཝ་ཡོདཔ་ལས་ མི་མང་ཤོས་ཅིག་གིས་ ཐིམ་ཕུག་ལུ་ར་ འོང་དོ་ཡོདཔ་ཨིན་པས།
ལ་ལོ་ཅིག་གིས་ སླབ་མིའི་ནང་ མ་གཞི་ པར་དེ་ རྒེད་འོག་ལྟེ་བ་ལུ་བཏབ་རུང་ དུས་ཚོད་ཁར་ མ་ལྷོད་ནི་དེ་གིས་ རྒྱལ་ས་ལུ་ར་ ལེན་པར་འོང་དགོཔ་ཐོན་ཡི་ཟེར་ཨིནམ་ད་ ངོ་སྤྲོད་ལག་ཁྱེར་ བསྐྱར་གསོ་འབད་མི་ མི་རྒན་རྒས་དང་ ན་གཞོན་ དེ་ལས་ སློབ་ཕྲུག་ཚུ་འདུག།
མང་ཤོས་ཅིག་གིས་ སླབ་མིའི་ནང་ ངོ་སྤྲོད་ལག་ཁྱེར་ བསྐྱར་གསོའི་ལམ་ལུགས་དེ་ གློག་རིག་ཐོག་ལས་ བཟོ་བ་ཅིན་ ཞབས་ཏོག་དགོ་མི་དང་ བྱིན་མི་༢ ཆ་ར་ལུ་ ཕན་ཐོགས་ནི་ཨིནམ་མ་ཚད་ ཟད་འགྲོ་ལས་བཅད་རུང་ ལེ་ཤ་གིས་ མར་ཕབ་འབད་ཚུགས་ནི་མས་ཟེར་ཨིནམ་ད་ དེ་ཡང་ མི་ཚུ་ རྫོང་ཁག་སོ་སོར་ལས་ ཐིམ་ཕུག་ལུ་འོང་བའི་སྐབས་ ཟད་འགྲོ་སྦོམ་གནས་དོ་ཡོདཔ་ཨིན་པས།
ལས་འཛིན་ཅིག་ནང་ལཱ་འབད་མི་ བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ནངས་པར་ སྐྱོད་ཐམ་ཡང་ གློག་རིག་གི་ཐོག་ལས་ བཟོ་ཚུགས་པའི་ ནམ་དུས་ལུ་ ངོ་སྤྲོད་ལག་ཁྱེར་དེ་ གློག་རིག་གི་ཐོག་ལས་ བཟོ་མ་ཚུགསཔ་ཅིག་ མི་འོང་ཟེར་ཨིནམ་ད་ དེ་བཟུམ་གྱི་ ཐབས་ཤེས་བཏོན་གནང་པ་ཅིན་ མི་ཚུ་གི་ དཀའ་ངལ་སེལ་ཐབས་འབད་ཚུགས་པའི་ གོ་སྐབས་འདུག་ཟེར་ ཨིན་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།