ངོ་རྒོལ་འགྲེམས་སྟོན་ལུ་བརྟེན་ ས་མཚམས་ཕྱི་ཁར་སྡོད་མི་ འབྲུག་མི་ཚུ་ལུ་འཇིགས་སྣང་།

༉ རྒྱ་གར་གྱི་ ས་མཚམས་ནང་ ཇི་ཇེ་ཨེམ་ཊི་ཟེར་མི་ གོར་ཁ་ཇཱན་མུག་ཏི་ མོར་ཅ་སྡེ་ཚན་གྱིས་ ཁ་ཙ་དང་ ད་རིས་ ངོ་རྒོལ་འགྲེམས་སྟོན་ འགོ་འདྲེན་འཐབ་ནི་གི་ ལས་འཆར་ཡོད་པའི་ འཐོར་གཏམ་གོ་བའི་ཤུལ་ལས་ ས་མཚམས་ཀྱི་ ཕྱི་ཁར་སྡོད་མི་ འབྲུག་མི་དག་པ་ཅིག་ ཉེན་སྲུང་གི་དོན་ལས་ སྤྱི་ཟླ་༨ པའི་ཚེས་༧ གྱི་ཕྱི་རུ་ ཕུན་ཚོགས་གླིང་ལུ་ འོང་ཡོདཔ་ཨིན་པས།
དེ་ཡང་ བཟའ་ཚང་ལ་ལོ་ཅིག་གིས་ རྒྱགས་སྐལ་དུམ་གྲ་ཅིག་དང་ གྱོན་ཆས་ཚུ་འབག་སྟེ་ ཅེ་ནིསི་ལེན་ཟེར་མི་ ས་མཚམས་ཀྱི་ སྒོ་ར་བརྒྱུད་དེ་ འབྲུག་པའི་ས་ཁོངས་ནང་ ལྷོད་ཡོདཔ་ད་ ཁོང་གིས་འབད་བ་ཅིན་ ཁོ་ཆ་ཁྱབ་ ཕུན་ཚོགས་གླིང་ལུ་ ཁོང་རའི་ ཉེ་ཚན་ནང་ ཆ་རོགས་ཚུ་གི་ཁྱིམ་ནང་ གནསཔ་བརྙ་སྟེ་ སྡོད་ནི་གི་དོན་ལུ་ འོང་ཡི་ཟེར་ཨིན་པས།
ཅེ་ནིསི་ལེན་གྱི་ས་གནས་ གམ་བཱ་ད་ར་ལུ་སྡོད་མི་ ཟླ་བ་བཟང་མོ་གིས་ སླབ་མིའི་ནང་ མོ་ ས་མཚམས་ཀྱི་ སྒོ་ར་ཁ་ལུ་ འོང་མི་དེ་ཡང་ ངོ་རྒོལ་འགྲེམས་སྟོན་འབད་ནི་ ངེས་བདེན་ཨིན་པ་ཅིན་ མོ་ར་ ཕུན་ཚོགས་གླིང་ལུ་ ཁྱིམ་སྤོ་བཤུད་འབད་ནི་སྦེ་ ལོ་རྒྱུས་དྲི་བ་འོང་ཡི་ཟེར་ཨིན་པས།
ད་རུང་ ས་ཁོངས་དེ་ནང་སྡོད་མི་ འབྲུག་མི་ཨར་ཇུན་ ཆེ་ཏི་རི་གིས་ ཉིན་གྲངས་༢ ཀྱི་རིང་ ཕུན་ཚོགས་གླིང་ལུ་ སྡོད་ནིའི་དོན་ལས་ ཐབ་ཆས་གསརཔ་དང་ ཉེར་མཁོའི་ཅ་ཆས་ཚུ་ མཁོ་སྒྲུབ་འབད་དེ་ འབག་འོང་ནུག།
ཁོ་གིས་འབད་བ་ཅིན་ ངོ་རྒོལ་འགྲེམས་སྟོན་འབད་ནི་གི་ ལོ་རྒྱུས་གོ་ཡོད་རུང་ ཏན་ཏན་ག་དེ་སྦེ་འོང་ག་ སླབ་མི་ཤེས་པས་ཟེར་ཨིན་པས།
ཨིན་རུང་ ལ་ལོ་ཅིག་གིས་འབད་བ་ཅིན་ ཚ་གྱང་ལང་དགོཔ་དང་ འདྲོག་བྱེལ་འཐབ་དགོཔ་ ག་ནི་ཡང་མེད་པའི་ཁར་ མི་ཚུ་ ཕར་ཚུར་སྤོ་བཤུད་འབད་དགོཔ་ཡང་མེད་ཟེར་ཨིནམ་ད་ འབྲུག་དང་ ཇའི་སྒང་གཉིས་ཆ་ར་ལས་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མི་ཚུ་ ཚ་གྱང་ལང་མི་དགོ་ཟེར་ཨིན་པས།
བཀའ་ཁྲིམས་ལས་ཁུངས་ཀྱི་མདོ་ཆེན་ བཀྲིས་དཔལ་འབྱོར་གྱིས་ སླབ་མིའི་ནང་ འབྲུག་གི་ཁ་ཐུག་ལས་ རྒྱ་གར་གྱི་ འབྲེལ་ཡོད་འགོ་དཔོན་ཚུ་དང་ འབྲེལ་བ་འཐབ་བཞིན་དུ་ཡོདཔ་ལས་ ཚ་གྱང་ལང་དགོཔ་མེདཔ་སྦེ་ སླབ་དེས་ཟེར་ཨིན་པས།
འབྲུག་མི་ཚུ་ལུ་ ཚ་གྱང་ལང་མི་དེ་ཡང་ མི་སྡེའི་བརྡ་བརྒྱུད་ནང་ལས་ཕར་ ངོ་རྒོལ་འགྲེམས་སྟོན་འབད་ནི་གི་ ལས་འཆར་ཡོད་པའི་སྐོར་ བཀོད་ནི་དེ་གིས་ཨིནམ་ད་ ཇའི་སྒང་གི་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ དེ་ཚུ་ མི་བདེན་ཟེར་ཨིན་པས།
ད་རེས་ནངས་པར་ ཇའི་སྒང་ས་མཚམས་ནང་ལས་ཕར་སྡོད་མི་ འབྲུག་མི་༥,༠༠༠ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

རྒྱལ་ཁབ་ནང་ དཔུང་ཤུགས་འགྲན་བསྡུར་ཐེངས་༡ པ་ འགོ་འདྲེན་འཐབ་ཡོདཔ།

༉ ཆུ་ཁ་རྫོང་ཁག་ལས་ སྐྱེས་ལོ་༣༨ ལང་མི་ ལྷཔ་ཅུ་གིས་ ལག་པའི་དཔུང་ཤུགས་འགྲན་བསྡུར་ འགོ་འདྲེན་འཐབ་མིའི་ནང་ལས་ ཨང་དང་པ་ ཐོན་ཡོདཔ་ཨིན་པས། ཁོ་གིས་ མཐའ་བཅད་འགྲན་བསྡུར་དང་ མོང་སྒར་ལས་ སྐྱེས་ལོ་༢༩ ལང་མི་ པདྨ་དབང་འདུས་དང་གཅིག་ཁར་ …

Leave a Reply

Your email address will not be published. Required fields are marked *