ངེས་བདེན་གཙོ་རིམ་དང་འཁྲིལ་ ཚུལ་མཐུན་འཆར་གཞི་བརྩམ་དགོཔ།

༉ ལོ་༥ འི་འཆར་གཞི་༡༡ པ་ མཇུག་བསྡུ་རནམ་དང་བསྟུན་ ང་བཅས་རའི་ མི་སྡེ་ཚུ་གི་ དགོས་མཁོ་ངོ་མ་ཚུ་ སེམས་ཁར་བཞག་སྟེ་ འཆར་གཞི་གསརཔ་བརྩམ་ནི་དེ་ གལ་གནད་ཅན་ཅིག་ཨིན་མས།
ལུགས་མཐུན་འཆར་གཞིའི་ ལམ་ལུགས་ཐོག་ལས་ ང་བཅས་ཀྱིས་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ ཐ་ན་ ཐོན་ཁུངས་ཉུང་སུ་ཅིག་ལས་མེད་དེ་འབད་རུང་ མནོ་འདོད་ལྟར་དུ་ དཔལ་འབྱོར་གོང་འཕེལ་བཏང་ཚུགས་པའི་ཁར་ ང་བཅས་རའི་ མི་སྡེ་ཚུ་གི་ འཚོ་བའི་གནས་སྟངས་ཡང་ ལེགས་བཅོས་འབད་ཚུགས་མི་དེ་ ལེགས་པའི་གྲུབ་འབྲས་ཨིན་པའི་ བརྡ་མཚོན་སྟོནམ་ཨིན་མས།
འཆར་གཞི་གང་རུང་ཅིག་ མཐར་འཁྱོལ་འབྱུང་དགོ་པ་ཅིན་ ཐོན་ཁུངས་ཀྱི་མང་ཉུང་དང་འཁྲིལ་ མཁོ་འདོད་དང་ མཁོ་མངགས་འབད་བའི་སྐབས་ འདྲ་མཉམ་བཟོ་དགོཔ་དེ་ གལ་ཆེ་དྲགས་ཅིག་ཨིནམ་ད་ དེ་མིན་ ང་བཅས་རའི་ གཙོ་རིམ་ཚུ་ ངེས་བདེན་སྦེ་ འགྲུབ་མ་ཚུགསཔ་བཟུམ་ཅིག་ཨིན།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ ང་བཅས་རའི་ གོང་འཕེལ་གྱི་འཆར་དངུལ་ མང་ཤོས་ཅིག་ གྲོགས་རམ་ཐོག་ལས་ འོང་ནི་དེ་གིས་ཨིནམ་ད་ འཆར་གཞི་༡༢ པ་ གྲ་སྒྲིག་འབདཝ་ད་ ཐོན་ཁུངས་ཡོད་མི་ཚུ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་ནི་ལུ་ དམིགས་གཏད་བཟུང་དགོཔ་ཨིན།
དཔེ་འབད་བ་ཅིན་ འཆར་གཞི་༡༢ པའི་ནང་ ཐིམ་ཕུག་གི་རྒེད་འོག་ཆ་མཉམ་ནང་ གློག་བརྙན་ཁང་རེ་དང་ གནམ་གྲུ་ཧེ་ལི་ཀོབ་ཊར་གྱི་ གནང་ཐང་རེ་ དགོཔ་འདུག་ག? འདི་བཟུམ་མའི་ འོས་འབབ་མེད་པའི་འཆར་གཞི་ཚུ་ལས་ དངུལ་ཀྲམ་ས་ཡ་ལས་བཅད་དེ་ གསོག་འཇོག་འབད་ཐོག་ རྫོང་ཁག་གི་ ཉེ་བར་མཁོ་བའི་ གློ་བུར་གོང་འཕེལ་གྱི་ ལས་སྣ་ཚུ་ནང་ ཟད་འགྲོ་གཏང་ཚུགས།
གནས་རིམ་ཆ་མཉམ་གྱི་ཐོག་ལུ་ འཆར་གཞི་རྩམ་མི་ཚུ་གིས་ ག་ཅི་འབད་དགོཔ་སྨོ་ཟེར་བ་ཅིན་ འཆར་གཞི་༡༢ པའི་ སྤྱིར་བཏང་བརྗོད་དོན་དང་ དམིགས་དོན་ཚུ་དང་འཁྲིལ་ དབང་ཚད་ཕྱིར་སྤེལ་ཐོག་ མཐུན་སྒྲིག་དང་ཡུན་བརྟན་མི་སྡེ་ བཟོ་དགོཔ་འདུག།
ད་ལྟོ་ རྒྱལ་ཁབ་གོང་འཕེལ་གྱི་གནས་སྟངས་ནང་ ཆུ་མ་ལང་པའི་དཀའ་ངལ་ ཡར་འཕར་འགྱོ་མི་དང་ སྣུམ་འཁོར་གྱི་ལམ་ཁྱབ་མ་ཚུགས་མི་ ན་གཞོན་ཚུ་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་ དེ་ལས་ སོ་ནམ་ཐོན་སྐྱེད་དང་ཚོང་ལམ་གྱི་ སྟབས་མ་བདེཝ་བྱུང་མི་ཚུ་ སེལ་ཐབས་འབད་ནི་ལུ་ དམིགས་བསལ་གྱི་ དྲན་ཤེས་བཏོན་དགོཔ་འདུག།
རྒྱུ་མཚན་འདི་ལུ་བརྟེན་ ང་བཅས་རའི་ གཡུས་ཚན་ཁག་ལས་ཕར་ ན་གཞོན་ཚུ་གིས་ གོ་སྐབས་དང་ མ་འོངས་མདུན་ལམ་འཚོལ་ནིའི་དོན་ལུ་ ཁྲོམ་སྡེ་ཚུ་ནང་ ཐོན་འགྱོ་བའི་ནམ་དུས་ལུ་ གློག་བརྙན་ཁང་དང་ གནམ་ཐང་བཟུམ་མའི་ མཐུན་རྐྱེན་ཚུ་ ངེས་པར་དུ་ དགོཔ་འདུག་ག?
འཆར་གཞི་༡༢ པའི་ནང་ ཧེ་མ་ལས་དྲག་པའི་ སྣུམ་འཁོར་ལམ་ཚུ་དགོཔ་མ་ཚད་ རྒྱལ་ཁབ་ནང་ ཆུ་འབོལ་དྲགས་སྦེ་ཡོད་རུང་ གཡུས་ཚན་དང་ ཁྲོམ་སྡེ་ཚུ་ནང་ འཐུང་ཆུ་མ་ལང་པའི་ དཀའ་ངལ་བྱུང་མི་དེ་ སེལ་ཐབས་འབད་དགོཔ་ཨིན།
དེ་མ་ཚད་ ན་གཞོན་ཚུ་གིས་ གདམ་ཁ་རྐྱབ་ཚུགས་པའི་ ལཱ་གཡོག་གི་གོ་སྐབས་ཚུ་ གང་མང་བཟོ་དགོ་པའི་ཁར་ ས་ཞིང་ཚུ་ སྟོངམ་སྦེ་ལུས་མ་བཅུག་པར་ སོ་ནམ་ཐོན་སྐྱེད་ཚུ་ ཡར་སེང་གཏང་ནི་ལུ་ གཙོ་རིམ་བཟུང་དགོཔ་ཨིན།
མཇུག་ར་ ང་བཅས་རའི་ ངེས་བདེན་གཙོ་རིམ་དང་འཁྲིལ་ འཆར་གཞི་ཚུ་ ཚུལ་མཐུན་བརྩམ་དགོཔ་དེ་ གལ་ཆེ་དྲགས་ཨིན།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *