ངན་ལྷད་སྔོན་འགོག་འབད་ནི་ལུ་གདོང་ལེན།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ངན་ལྷད་སྔོན་འགོག་འབད་ཐབས་ལུ་ གཞུང་གི་ལྷན་ཁག་དང་ རྩ་ཁྲིམས་ཅན་གྱི་འདུས་ཚོགས་ དྲག་ཁག་གསུམ་གྱི་དམག་སྡེ་ རང་དབང་ལས་སྡེ་ རྫོང་ཁག་ ཁྲོམ་སྡེ་ ལས་འཛིན་ ཞི་བའི་མི་སྡེ་ལས་ཚོགས་ དངུལ་འབྲེལ་ལས་ཁང་ བརྡ་བརྒྱུད་ལས་ཁང་ཚུ་གི་ འགོ་འཛིན་ཚུ་དང་ གྲོས་བསྟུན་ཞལ་འཛོམས་འཚོགས་ནི་ འགོ་བཙུགས་མི་དེ་ཡང་ གཞུང་སྐྱོང་ལམ་ལུགས་ནང་ བཟང་སྤྱོད་དང་ དྲང་བདེན་ཚུ་ལུ་ གཙོ་བོར་བཏོན་ཏེ་ མཁོ་སྒྲུབ་དང་ མི་སྟོབས་འཛིན་སྐྱོང་ཡར་དྲག་གཏང་ནིའི་དོན་ལུ་ཨིན་མས།
དེ་མ་ཚད་ རྒྱལ་ཁབ་ནང་འཁོད་ཀྱི་ ཚོང་སྡེ་ཚུ་གིས་ ལས་འཛིན་དང་འབྲེལ་བའི་ དྲང་བདེན་གྱི་ གནས་ཚད་མཐོ་ཤོས་ཐོག་ འགན་ཁུར་ཚུལ་མཐུན་འབག་ནིའི་དོན་ལུ་ ལྷན་ཚོགས་དང་གཅིག་ཁར་ ཚོང་འབྲེལ་ཚུ་ དྲང་བདེན་དང་ ཀུན་སྤྱོད་རྣམ་གཞག་ལུ་ གཙོ་བོར་བཟུང་སྟེ་ ཡར་དྲག་གཏང་ནི་ལུ་ ཁས་བླངས་ཡོད་པའི་ མཚན་རྟགས་བཀོད་པའི་བསྒང་འདུག།
འདི་འབདཝ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཁ་ཐུག་ལས་ ངན་ལྷད་མར་ཕབ་འབད་ནི་ལུ་ ག་དེ་དྲག་དྲག་ རྩ་འགེངསམ་ཨིན་རུང་ ངན་ལྷད་ཀྱི་ གནད་དོན་ཚུ་ རྒྱུན་ཆད་མེད་པར་ ཐོན་མི་ལུ་ བལྟ་བ་ཅིན་ ང་བཅས་ཀྱི་ ལམ་ལུགས་ནང་ ནོར་སྐྱོན་སྦོམ་ཡོད་པའི་ བརྡ་མཚོན་ཅིག་སྟོནམ་མས།
ད་རེས་ནངས་པར་ དངུལ་འབྲེལ་ལས་ཁང་ཚུ་ནང་ དམངས་དངུལ་ལོག་སྤྱོད་དང་ ངན་ལྷད་ཁྱབ་ཆེར་ཡོད་པའི་སྐོར་ བརྡ་བརྒྱུད་ཀྱིས་ གནས་ཚུལ་ཁྱབ་སྤེལ་ འབད་བཞིན་དུ་ཡོདཔ་ད་ དཔེར་ན་ འཕྲལ་ཁམས་ཅིག་ཁར་ ལྷན་ཚོགས་ཀྱིས་ པདྨ་དགའ་ཚལ་དང་ དགེ་ལེགས་ཕུག་ལུ་ འབྲུག་གོང་འཕེལ་དངུལ་ཁང་གི་ ཡན་ལག་ཡིག་ཚང་ནང་ ལས་གཡོགཔ་ཅིག་གིས་ གྲོང་གསེབ་སྐྱིན་འགྲུལ་ལས་ སྐྱིན་འགྲུལ་ལེན་མི་ རྫུས་མ་བཟོ་ཐོག་ དངུལ་ཀྲམ་ས་ཡ་༡༡.༧༦ ལྐོག་ཟ་འབད་ཡོད་པའི་ མངོན་གསལ་བྱུང་ཡོདཔ་བཞིན་དུ་ དེ་གི་ཧེ་མར་ ཐིམ་ཕུག་ལུ་ཡོད་མི་ འབྲུག་གོང་འཕེལ་དངུལ་ཁང་གི་ ཡིག་ཚང་ལྟེ་བའི་ནང་ དངུལ་ཀྲམ་ས་ཡ་༥༧༦.༤༦༩ ཚུལ་མིན་སྤྱོད་ཡོད་མི་དེ་ ད་ལྟོ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་བཤེར་གྱི་དོན་ལུ་ ཧ་ལམ་བསྐྱར་ཞིབ་འབད་ཚར་ནུག།
དེ་ལས་ སྤ་རོ་ལུ་ འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་དང་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ ལས་བྱེདཔ་ཚུ་ མགུ་མཐུད་དེ་ དངུལ་ཀྲམ་ས་ཡ་༩༤ ལྷགཔ་ཅིག་ ལྐོག་ཟ་འབད་བའི་ རྩོད་དོན་དེ་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ ཉེས་བཤར་འབད་བའི་བསྒང་འདུག།
འདི་བཟུམ་སྦེ་ འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱིས་ དངུལ་འབྲེལ་གྱི་ བཅའ་ཡིག་དང་ སྒྲིག་གཞི་ཚུ་དང་མ་འཁྲིལ་བར་ནུབ་རི་མ་རྩ་འཛུགས་སྤྱོད་སྒེར་སྡེ་ནང་ སྐྱེད་དམའ་སུ་སྦེ་བཙུགས་པའི་ཤུལ་ལུ་ ལོག་སྟེ་སྐྱེད་མཐོ་སུ་སྦེ་ སྐྱིན་འགྲུལ་ལེན་མི་དང་ གནད་དོན་གཞན་ཚུ་གི་ ཁ་ཉེས་ཕོག་མི་ལུ་བརྟེན་ ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་དང་ བཀོད་ཁྱབ་མདོ་ཆེན་དེ་ དགོངས་ཞུ་བཏང་ཡོདཔ་མ་ཚད་ ཁོང་གི་ ཉེས་འཛུགས་ཚུ་ བསྐྱར་ཞིབ་ཀྱི་དོན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་ནུག།
ད་རུང་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ ཕྱི་མི་ནང་སྐྱོད་ཡིག་ཚང་གི་ ལས་བྱེདཔ་ཚུ་གིས་ ཕྱི་མི་ཚུ་ལས་ བསྡུ་ལེན་འབད་མི་ ནང་སྐྱོད་ཀྱི་འཐུས་ དངུལ་ཀྲམ་ས་ཡ་༧.༢༧༨ ལོག་སྤྱོད་འབད་ཡོདཔ་སྦེ་ ལྷན་ཚོགས་ཀྱིས་ ཉེས་འཛུགས་འབད་བའི་ཁར་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ཕུན་ཚོགས་གླིང་དྲུང་ཁག་བདག་སྐྱོང་གི་ རྩིས་འཛིན་པ་གིས་ དངུལ་ཀྲམ་ས་ཡ་༦.༩ ལྐོག་ཟ་འབད་བའི་ མངོན་གསལ་བྱུང་མི་ཚུ་ལུ་ལྟཝ་ད་ ངན་ལྷད་འབད་མི་ཚུ་ལུ་ ཁྲིམས་ཀྱི་གདོང་ལེན་ ག་དེམ་ཅིག་ར་འབད་རུང་ ང་བཅས་ཀྱི་ མི་ཚུ་ལུ་ འདྲོག་ནི་དང་ འཚེར་སྣང་མེད་པའི་ བརྡ་མཚོན་སྟོནམ་མས།
འདི་འབདཝ་ལས་ སྤྱི་ལོ་༢༠༡༤ ལུ་ བཀྲིས་སྒང་བཀང་ལུང་ལུ་ རྒྱལ་ཡོངས་དུས་ཆེན་ བརྩི་སྲུང་སྐབས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ངན་ལྷད་ཆུང་ཀུ་དང་ ངན་ལྷད་སྦོམ་ཟེར་མེདཔ་ལས་ ངན་ལྷད་དེ་ ངན་ལྷད་སྦེ་ བཞག་ནི་དང་ དེ་གི་གདོང་ལེན་འབད་ནི་ དེ་ལས་ མི་འཐུས་ཤོར་སོང་པ་ཅིན་ མི་སྦོམ་དང་ མི་ཆུང་ཀུ་ རྒྱབ་ཐག་ཡོད་མི་དང་ རྒྱབ་ཐག་མེད་མི་ག་ཨིན་རུང་ ནམ་ར་འབད་རུང་ ཁྲིམས་གཅིག་ལུ་ གནས་ཐོག་ལས་ དམ་བཏགས་ནི་དེ་ གལ་ཆེ་ཟེར་ གསུངས་གནང་མི་དང་འཁྲིལ་ ངན་ལྷད་འབད་མི་ཚུ་ལུ་ གདོང་ལེན་དམ་སྒྲིང་འབད་བ་ཅིན་ ངན་ལྷད་མར་ཕབ་འབད་ནི་ལུ་ ལྷན་ཐབས་འབྱུང་ཚུགས།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *