ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ འབྲུག་དྭངས་གསལ་བརྩོན་ཤུགས་ལས་སྡེ་༢ ཀྱིས་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་པའི་ཤུལ་ལས་ འགོ་དཔོན་ཚུ་གིས་ ཡིག་ཆ་གསལ་སྟོན་འབད་བའི་བསྒང་།

ངན་ལྷད་སྔོན་འགོག་གི་དོན་ལུ་ མཉམ་འབྲེལ་རྩ་བརྟན་བཟོ་ནིའི་ གོ་བརྡའི་ཆིངས་ཡིག།

༉ ངན་ལྷད་སྔོན་འགོག་འབད་ནིའི་ནང་ མཉམ་འབྲེལ་ཡར་དྲག་དང་ རྩ་བརྟན་བཟོ་ཐབས་ལུ་དམིགས་ཏེ་ ཁ་ཙ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ ཞི་བའི་མི་སྡེ་ལས་ཚོགས་ཅིག་ཨིན་མི་ འབྲུག་དྭངས་གསལ་བརྩོན་ཤུགས་ལས་སྡེ་༢ ཀྱི་བར་ན་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ནུག།
གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་དེ་ ལྷན་ཚོགས་ཀྱི་ཁྲི་འཛིན་ ཀུན་ལེགས་གཡང་འཛོམས་དང་ འབྲུག་དྭངས་གསལ་ལས་སྡེའི་ བཀོད་ཁྱབ་མདོ་ཆེན་ པདྨ་ལྷ་མོ་༢ ཀྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞལ་འཛོམས་ཁང་ནང་སྦེ་ བཀོད་ཡོད་མི་དེ་ཡང་ ལས་སྡེ་༢ ཀྱིས་ སྤྱི་ལོ་༢༠༡༥ ཟླ་༤ པའི་ནང་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་འགོ་དང་པ་བཀོད་མི་དེ་ བསྐྱར་གསོ་འབད་ཡོདཔ་ཨིན་པས།
གོ་བརྡའི་ཆིངས་ཡིག་བཀོད་མི་དེ་གིས་ ལས་སྡེ་༢ ལས་ དྲང་སྤྱོད་དང་ དྭངས་གསལ་ འགན་འཁྲི་ཡར་དྲག་གཏང་ནི་དང་ ངན་ལྷད་བཀག་ཐབས་དང་ གདོང་ལེན་འབད་ནིའི་ནང་ མི་སེར་ཚུ་ མཉམ་འབྲེལ་ཐོག་ འབྲེལ་འཛིན་འབད་བཅུག་ནི་ལུ་ ཁས་ལེན་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས།
ཆིངས་ཡིག་དེ་ལུ་བརྟེན་ ལོ་ལྔའི་འཆར་གཞི་༡༢ པའི་ དམིགས་ཡུལ་ཚུ་ འགྲུབ་ནི་ལུ་ ལྷན་ཐབས་འབད་ནི་དང་ རྒྱལ་ཡོངས་དྲང་སྤྱོད་དང་ ངན་ལྷད་བཀག་སྡོམ་ཐབས་བྱུས་ སྤྱི་ལོ་༢༠༡༩-༢༠༢༣ ཅན་མ་དེ་ཡང་ མཐར་འཁྱོལ་ཅན་སྦེ་ ལག་ལེན་འཐབ་ཚུགས་པའི་ རེ་བ་ཡོད་ཟེར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *