བུམ་ཐང་རྫོང་ཁག་གི་འཐུས་མི་ ཉི་མ།

ངན་ལྷད་མཐོ་ཤོས་ར་ བྱ་སྒོ་ལོག་སྤྱོད་དང་འབྲེལ་བའི་ ཉོགས་བཤད་ཨིནམ།

༉ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་༢༠༢༡ ལུ་ སྤྱིར་བཏང་ངན་ལྷད་ཀྱི་ གནོད་འགེལ་དབྱེ་ཁག་༡༡ ཡོད་པའི་གྲལ་ལས་ བྱ་སྒོ་ལོག་སྤྱོད་དང་འབྲེལ་བའི་ ཉོགས་བཤད་ཀྱི་ གནད་དོན་བསྡོམས་༡༥༡ ཡོད་མི་དེ་ མཐོ་ཤོས་ཨིན་པས།
དེ་ཡང་ འཕྲལ་ཁམས་ཅིག་ཁར་ རྒྱལ་ཡོངས་ཚོགས་སྡེའི་ཚོགས་བཞུགས་སྐབས་ རྒྱལ་ཡོངས་ཚོགས་སྡེའི་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གི་ཁྲི་འཛིན་དང་ བུམ་ཐང་རྫོང་ཁག་གི་འཐུས་མི་ ཉི་མ་གིས་ འབྲུག་གི་ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་༢༠༢༡-༢༠༢༢ ཅན་མའི་གུ་ ངོ་སྤྲོད་ཕུལ་བའི་སྐབས་ སྙན་ཞུ་འབད་ཡོདཔ་ཨིན་པས།
འབྲུག་གི་ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་༢༠༢༡-༢༠༢༢ ཅན་མ་དེ་ འབྲུག་རྒྱལ་པོ་དང་ བློན་ཆེན་ དེ་ལས་ སྤྱི་ཚོགས་ལུ་ ཕུལ་དགོ་མི་དེ་ཡང་ འབྲུག་གི་རྩ་ཁྲིམས་ཆོན་མོའི་རྩ་ཚན་༢༧(༤) པ་དང་ ལྷག་པར་དུ་ འབྲུག་གི་ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་བཅའ་ཁྲིམས་༢༠༡༡ ཅན་མའི་ དོན་ཚན་༡༦༩(༡) པའི་ དགོངས་དོན་དང་འཁྲིལ་ཏེ་ཨིན་པས།
སྙན་ཞུ་དེ་ ཐེངས་༡༥ པ་ཨིནམ་ད་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གི་ ཁྲི་འཛིན་གྱིས་ ཚོགས་དམངས་ལུ་ དོན་ཚན་༧ གུ་ ཁག་དབྱེ་སྟེ་ ངོ་སྤྲོད་གསལ་ཞུ་ཕུལ་ཡི།
དེ་ཡང་ ངན་ལྷད་སྔོན་འགོག་དང་ ཉོགས་བཤད་དང་འདྲི་གཏུགས་ ངན་ལྷད་ཀྱི་གནོད་འགེལ་ལུ་ཞིབ་དཔྱད་ སྤྱིར་བཏང་ལས་དོན་གྲུབ་འབྲས་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་འཁོད་ཀྱི་མཐོང་ཚུལ་ གདོང་ལེན་དང་མདུན་ལམ་ རྒྱལ་ཡོངས་ཚོགས་སྡེའི་ གྲོས་ཆོད་དང་ལེན་སྙན་ཞུ་ དེ་ལས་ གནོད་དོན་གཞན་དང་གྲོས་འདེབས་ཚུ་གུ་ ཁ་གསལ་གྱི་སྙན་ཞུ་ ཚོགས་དམངས་ལུ་ཞུ་ཡི།
ངན་ལྷད་བཀག་སྡོམ་བཅའ་ཁྲིམས་༢༠༢༡ ཅན་མའི་ནང་ སྤྱིར་བཏང་ངན་ལྷད་ཀྱི་ གནོད་འགེལ་དབྱེ་བ་༡༡ ཡོད་པའི་གྲལ་ལས་ མང་ཤོས་ར་ བྱ་སྒོ་ལོག་སྤྱོད་དང་འབྲེལ་བའི་ ཉོགས་བཤད་ཚུ་ཨིནམ་དང་ བྱ་སྒོ་ལོག་སྤྱོད་དང་འབྲེལ་བའི་ཉོགས་བཤད་བསྡོམས་༡༥༡ ཡོད་ས་ལས་ མཐོ་ཤོས་ར་ ཐོན་སྐྱེད་དང་ གཞི་དོན་ཀྱི་ཉོགས་བཤད་༤༦ དེ་ཨིན་ཟེར་ ཁྲི་འཛིན་གྱིས་ སྙན་ཞུ་འབད་ཡི།
དེ་གི་ཤུལ་ལས་ ཁག་འབགཔ་དང་འབྲེལ་བའི་ཉོགས་བཤད་༢༥ དང་ རང་བཞིན་ཐོན་སྐྱེད་ཀྱི་ཉོགས་བཤད་༢༡ དེ་ལས་ མི་སྟོབས་དང་འབྲེལ་བའི་ཉོགས་བཤད་༢༠ ཨིན་པས།
ལོ་བསྟར་བཞིན་དུ་ བྱ་སྒོ་ལོག་སྤྱོད་ཀྱི་ཉོགས་བཤད་ཚུ་ ཡར་སེང་འགྱོ་བཞིན་དུ་ཡོདཔ་ལས་ སྤྱི་གཡོག་པའི་ བཟང་སྤྱོད་དང་དྲང་སྤྱོད་ དེ་ལས་ ཁྱད་རིག་ཡར་དྲག་གཏང་དགོ་པའི་ བརྡ་མཚན་སྟོན་པའི་ཁར་ ལྐོག་ཟ་དང་འབྲེལ་བའི་ཉོགས་བཤད་དེ་ རྒྱུན་མ་ཆད་པར་ མཐོ་ཤོས་༢ ཐོན་ཏེ་འདུག་ཟེར་ སྙན་ཞུའི་ནང་ འཁོད་དེ་ཡོདཔ་ཨིན་པས།
ལས་སྡེའི་ཐད་ཁར་ ཉོགས་བཤད་མཐོ་ཤོས་ར་ ས་གནས་གཞུང་ནང་ གནད་དོན་༡༠༧ ཐོན་པའི་ཤུལ་ལས་ ལྷན་ཁག་དང་འབྲེལ་བའི་ཉོགས་བཤད་༣༤ དང་ རྫོང་ཁག་བདག་སྐྱོང་དང་འབྲེལ་བའི་ ཉོགས་བཤད་༢༤ ཐོབ་ཡོདཔ་ཨིན་པས།
ས་གནས་གཞུང་གི་ ཉོགས་བཤད་གནད་དོན་བསྡོམས་༡༠༧ ཡོད་པའི་གྲས་ལས་ མཐོ་ཤོས་ར་ སྤ་རོ་རྫོང་ཁག་གི་ རྒེད་འོག་ཚུ་ནང་ ཉོགས་བཤད་༡༦ དང་ སྤུ་ན་ཁ་རྫོང་ཁག་གི་ རྒེད་འོག་ཚུ་ནང་ གནད་དོན་༡༣ དེ་ལས་ ཐིམ་ཕུག་རྫོང་ཁག་གི་ རྒེད་འོག་ཚུ་ནང་ གནད་དོན་༡༢ ཐོ་བཀོད་འབད་ཡོདཔ་ཨིན་པས།
ཁྲི་འཛིན་དང་འཁྲིལཝ་ད་ ལྷན་ཁག་ཚུ་གི་གྲལ་ལས་ ཉོགས་བཤད་མཐོ་ཤོས་ར་ སོ་ནམ་དང་ནགས་ཚལ་ལྷན་ཁག་དེ་ཨིནམ་ད་ དེ་ནང་ ཉོགས་བཤད་གནད་དོན་༡༠ དང་ དེའི་ཤུལ་ལས་ གསོ་བའི་ལྷན་ཁག་ལུ་ གནད་དོན་༨ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་ལུ་ གནད་དོན་༦ ཐོ་བཀོད་འབད་དེ་ཡོདཔ་ཨིན་པས།
རྫོང་ཁག་བདག་སྐྱོང་གི་གྲས་ལས་ སྤ་རོ་རྫོང་ཁག་ལུ་ ཉོགས་བཤད་༦ དེ་ མཐོ་ཤོས་དང་ དེའི་ཤུལ་ལས་ སྤུ་ན་ཁ་དང་ ཆུ་ཁ་རྫོང་ཁག་༢ ལུ་ ཉོགས་བཤད་༣ རེ་ཐོན་ཡོདཔ་ད་ ཉོགས་བཤད་ཉུང་ཤོས་ར་ ཧཱ་རྫོང་ཁག་ལས་ གནད་དོན་༢ དང་ བསམ་རྩེ་རྫོང་ཁག་ལུ་ གནད་དོན་༡ ཐོ་བཀོད་འབད་ཡོདཔ་ཨིན་པས།
བྱ་སྒོ་ལོག་སྤྱོད་དང་ སློབ་གྲྭ་ཁག་ཚུའི་ནང་ དྲང་སྤྱོད་ཀྱི་སྡེ་ཚན་དགོ་དང་ མ་དགོ་པའི་ གྲོས་འདེབས་ཀྱི་དོན་ཚན་གུ་ འཐུས་མི་ཚུ་གི་བར་ན་ གསུང་གྲོས་རྒྱས་པར་གནང་པའི་ཤུལ་ གྲོས་ཐག་ཆོད་མ་ཚུགསཔ་ལས་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་གྱིས་ ལོག་སྟེ་ར་ ཚོགས་ཆུང་གིས་ འགོ་འདྲེན་ཐོག་ལས་ ནང་འཁོད་ཞལ་འཛོམས་འཚོགས་ཞིནམ་ལས་ མཐའ་དཔྱད་ཀྱི་ གསུང་གྲོས་གནང་སྟེ་ ཐག་གཅད་ནི་ཨིན་ཟེར་ གསུངས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *