ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཇེ་པི་ཨེལ་པིའི་ ཁྲལ་ཕབ་ཆག་གི་ དོན་འགྲེལ་ལུ་གདོང་ལེན།

ཆེ་མཐོ་ཁྲིམས་འདུན་གྱི་ གྲངས་མང་ཁྲིམས་ཁྲི་གིས་ འབྲུག་གི་འོང་འབབ་བཅའ་ཁྲིམས་༢༠༠༡ ཅན་མའི་དོན་ཚན་༣༥.༡ དང་༣༥.༢ པ་གཉིས་ དོན་འགྲེལ་གནང་མི་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལས་ འཁྲུན་ཆོད་ཀྱི་ གཞི་རྩ་ཚུ་ལུ་ ངོས་ལེན་འབད་མི་ཚུགས་པས་ཟེར་ཨིན་པས།

དེ་ཡང་ ཕུན་ཚོགས་གླིང་ལུ་ གཞི་བཙུགས་འབད་དེ་ཡོད་མི་ ཇེ་པི་ཨེལ་པི་ཚོང་སྡེ་གིས་ ལོ་ངོ་༤ གི་རིང་ ཁྲལ་ཟུར་ཐབས་འབད་བའི་ གནོད་འགེལ་ནང་ སྦ་གསང་འབད་བའི་ འོང་འབབ་གནས་ཏེ་ ཡོད་མིའི་ཐད་ལུ་ འབབ་ཁུངས་དང་འབྲེལ་བའི་ ཟད་འགྲོ་དང་ ཡང་ཅིན་ ཉོ་བའི་གོང་ཚད་ཚུ་ ཕབ་ཆག་འབད་ཆོག་མི་ཆོག་ འབྲུག་གི་འོང་འབབ་བཅའ་ཁྲིམས་༢༠༠༠ ཅན་མའི་ དོན་ཚན་༢ ཀྱི་ དོན་འགྲེལ་འབད་དགོ་པའི་སྐོར་ ཉེས་འཛུགས་ཅན་གྱིས་ གྲངས་མང་ཁྲིམས་ཁྲི་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།

སྤྱི་ཟླ་༨ པའི་ཚེས་༡༥ ལུ་ གྲངས་མང་ཁྲིམས་ཁྲི་གིས་ ཉོ་བའི་གོང་ཚད་ཚུ་ ཟད་འགྲོ་གྲངས་སུ་ མི་ཚུདཔ་ལས་ ལོ་ངོ་༤ གི་འབབ་ཁུངས་ཚུ་ ཚོང་ཆས་ཉོ་བའི་ གོང་ཚད་དངུལ་ཀྲམ་ས་ཡ་༡༡༨.༦༥༡ ཕབ་ཆག་གནང་ཐོག་ལས་ ཇེ་པི་ཨེལ་པི་ལུ་ དངུལ་ཀྲམ་ས་ཡ་༡༤ ལྷགཔ་ཅིག་ གཞུང་ལུ་ སྤྲོད་དགོ་པའི་ འཁྲུན་ཆོད་གནང་ནུག།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་འབད་བ་ཅིན་ ཁྲལ་གྱི་བཅའ་ཁྲིམས་དང་ དབང་འཛིན་གྱིས་ ཧེ་མར་ ཁྲལ་ཟུར་ཐབས་འབད་བའི་ རྩོད་དོན་ཚུ་ནང་ ལག་ལེན་འཐབ་མི་ བྱ་རིམ་ཚུ་དང་འཁྲིལཝ་ད་ ཟད་འགྲོའི་ངེས་ཚིག་ནང་ ཐད་ཀར་གྱི་ རིན་གོང་ཚུ་ཡང་ ཚུདཔ་ཨིན་ཟེར་ཨིན་པས།

འོང་འབབ་བཅའ་ཁྲིམས་ཀྱི་ལེའུ་༤ བམ་ཚན་༡ པ་དང་པའི་ནང་ དམིགས་བསལ་གྱི་ གནད་དོན་ཨིན་པ་ཅིན་ ཟད་འགྲོ་ཕབ་ཆག་ཐོབ་ཟེར་ ཟད་འགྲོའི་དབྱེ་སྡེ་ནང་རྐྱངམ་གཅིག་ བཀོད་དེ་ཡོདཔ་ཨིན་པས།

དོན་ཚན་༣༥.༢ པའི་ནང་ འོང་འབབ་དང་འབྲེལ་བའི་ ཟད་འགྲོ་ཚུ་ནང་ ཕབ་ཆག་བྱིན་མ་ཆོགཔ་སྦེ་ བཀོད་དེ་ཡོདཔ་བཞིན་དུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ཡང་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་འདུན་ལས་ ཆེ་མཐོ་ཁྲིམས་འདུན་ཚུན་ དོན་ཚན་དེ་གི་ དོན་འགྲེལ་ཐོག་ལས་ ཁུངས་བཀལ་ཐོག་ལས་ མཐོ་གཏུགས་ཞུ་ཡོད་ཟེར་ ལྷན་ཚོགས་ཀྱི་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

ལྷན་ཚོགས་ཀྱིས་འབད་བ་ཅིན་ ཁྲལ་ཟུར་ཐབས་འབད་བའི་ རྩོད་དོན་ནང་ ཁྲལ་ལས་ཟུར་ཐབས་འབད་བའི་ གནོད་འགེལ་འཐབ་མིའི་ནང་ འོང་འབབ་དང་འབྲེལ་བའི་ ཁྲལ་རྩིས་ནང་ ཐད་ཀར་གྱི་ ཟད་འགྲོ་ཚུ་ ཕབ་ཆག་གི་ ཐོབ་ལམ་མེད་ཟེར་ཨིནམ་ད་ ཁྲལ་བཏབ་མིའི་ ཁ་ཐུག་ལས་ འོང་འབབ་དང་ ཟད་རྩིས་ཚུ་ དྲང་བདེན་གྱི་སྒོ་ལས་ གསལ་སྟོན་འབད་བ་ཅིན་རྐྱངམ་གཅིག་ ཟད་འགྲོའི་ཕབ་ཆག་འབད་འོང་ཟེར་བཀོད་ནུག།

འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱི་ ཁྲལ་བདག་སྐྱོང་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཟད་རྩིས་ཕབ་ཆག་གི་ ཁྱད་ཚད་ལྡན་དགོཔ་ ལེ་ཤ་ཡོདཔ་ཨིན་རུང་ གལ་སྲིད་ ཁྲལ་བཏབ་མི་ཅིག་གིས་ ཁྲལ་ལས་ཟུར་ཐབས་དང་ སྦ་གསང་འབད་བའི་ སྒྲུབ་བྱེད་ཐོན་པ་ཅིན་ འབབ་ཁུངས་དང་འབྲེལ་བའི་ ཟད་འགྲོ་ཚུ་ ཕབ་ཆག་འབད་མི་ཆོག་ཟེར་ཨིན་པས།

དེ་འབདཝ་ལས་ གྲངས་མང་ཁྲིམས་ཁྲིའི་ འཁྲུན་ཆོད་དེ་ སྤྱིར་བཏང་རྩིས་འཛིན་གྱི་ གཞི་རྩ་ཚུ་དང་ མངོན་མཐོ་ཁྲིམས་འདུན་གྱིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་ ཡེ་ཤེས་ཆོས་སྒྲོན་ལྕགས་རོ་ཚོང་འབྲེལ་ཁང་གི་བར་ན་ ཁྲལ་ཟུར་ཐབས་འབད་བའི་ འཁྲུན་ཆོད་གནང་མི་དང་ ཆ་མ་མཐུན་པའི་ཁར་ གོ་དོན་དྭངས་གསལ་མིན་འདུག་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ གྲངས་མང་ཁྲིམས་ཁྲིའི་ འཁྲུན་ཆོད་ཀྱི་ རྒྱབ་འགལ་ལུ་ མཐོ་གཏུགས་འབད་མ་བཏུབ་མི་ལུ་བརྟེན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ཟླ་༨ པའི་ཚེས་༢༩ ལུ་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་ཀྱི་ བཤེར་ཡིག་བཙུགས་ཡོདཔ་ཨིན་པས།

རྩོད་དོན་གྱི་རྒྱབ་ཁུངས།

ཇེ་པི་ཨེལ་པི་ཚོང་ལས་ཀྱིས་ གློག་རིག་རིམ་ལུགས་ཐོག་ལས་ རྩིས་ཁྲ་ཁག་གཉིས་ ལག་ལེན་འཐབ་སྟེ་ བཙོང་ཐོ་ཚུ་ སྦ་གསང་འབད་མི་ཚུ་ལུ་ སྤྱི་ལོ་༢༠༡༥ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་རྐྱབ་པའི་ཤུལ་ལས་ ཇ་ཊཱན་པར་སཱད་དང་ ཁོ་གི་ལས་བྱེདཔ་ ར་ཇེསི་ ཅའུ་ད་རི་༢ ལུ་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ཁྲལ་ཟུར་ཐབས་འབད་བའི་ ཉེས་འཛུགས་འབད་ཡོདཔ་མ་ཚད་ ཁྲལ་དང་ ཉེས་ཆད་ཚུ་ རྩིས་རྐྱབ་སྟེ་ དངུལ་ཀྲམ་ས་ཡ་༡༢༦.༨༩༧ གཞུང་གི་རྩིས་ཁྲ་ནང་ བཙུགས་དགོ་པའི་ བཤེར་ཡིག་ཕུལ་ནུག།

ཨིན་རུང་ ཐོག་མའི་ཁྲིམས་འདུན་གྱིས་ རྩོད་ཟླ་ལུ་ ཐད་ཀར་གྱི་ ཟད་འགྲོ་ཚུ་ ཕབ་ཆག་བྱིན་དགོ་པའི་ འཁྲུན་ཆོད་གནང་ཐོག་ལས་ དངུལ་ཀྲམ་ས་ཡ་༡༤.༤༨༧ དང་ ཉེས་ཆད་དངུལ་ཀྲམ་ས་ཡ་༧.༨༧༥ བཙུགས་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ནུག།

འཁྲུན་ཆོད་དེ་ལུ་ ཁེ་རྒུད་མ་བཏུབ་པར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་བཞིན་དུ་ ཁྲིམས་ཁྲི་༣ པ་གིས་ ཉེས་འདོགས་པའི་ ཞུ་བ་ཕུལ་མི་དང་འཁྲིལ་ དངུལ་ཀྲམ་ས་ཡ་༡༢༦.༨༩༧ བཙུགས་དགོ་པའི་ བཀའ་རྒྱ་གནང་པའི་ཁར་ རྩོད་ཟླ་ལུ་ ཁྲིམས་འཐུས་བཏབ་མ་ཆོག་པའི་ བཙོན་ཁྲིམས་ལོ་༥ བཀལ་ནུག།

དེ་ལས་ རྩོད་ཟླ་གིས་ འོངབ་འབབ་ཁྲལ་གྱི་ དོན་ཚན་༢ དོན་འགྲེལ་གནང་ནིའི་དོན་ལུ་ གྲངས་མང་ཁྲིམས་ལུ་ མཐོ་གཏུགས་འབད་བའི་ཤུལ་ལས་ ཁྲིམས་འདུན་གྱིས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ གཞི་འཛིན་འབད་ཡོདཔ་ཨིན་པས།

ལྷན་ཚོགས་ཀྱིས་ འཁྲུན་ཆོད་བསྐྱར་ཞིབ་འབད་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་དགོཔ་སྦེ་ ཡིག་ཐོག་ལུ་ ལན་ཐེངས་གཉིས་ སླབ་ཡོད་རུང་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ལན་གསལ་འབད་མ་བཏུབ་ཟེར་ཨིན་པས།

ལྷན་ཚོགས་ཀྱིས་འབད་བ་ཅིན་ རྩོད་དཔོན་ཡོངས་ཁྱབ་དེ་ རྒྱལ་ཁམས་ཀྱི་ ཉེས་བཤེར་འབད་མི་ སྐུ་ཚབ་ཨིནམ་ལས་ ཁྲིམས་འདུན་ཚུ་ལས་གནང་མི་ གྲོས་ཆོད་ཚུ་ལུ་ མཐོ་གཏུགས་འབད་ནི་གི་ དབང་ཚད་ཡོདཔ་ ལྷན་ཚོགས་ལུ་ ཤེས་རྟོགས་ཡོད་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་འཁོད་ཀྱི་ རྩོད་བཤེར་ཚོགས་ཆུང་ཚུ་གིས་ མཐོ་གཏུགས་འབད་ནི་སྦེ་ མོས་མཐུན་བྱུང་པའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ མཐོ་གཏུགས་འབད་ནི་ལས་ ཕྱིར་བཏོན་འབད་ནུག་ཟེར་ཨིན་པས།

ཇ་ཏཱན་ལཱལ་ པར་སཱད་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དོ་དམ་འོག་ལུ་ བཞག་པའི་སྐབས་ དོ་དོམ་འོག་ལས་ བཏོན་ནིའི་དོན་ལུ་ རྒྱབ་མི་སྦེ་འཛུལ་མི་ ག་ཡང་མ་ཐོན་པའི་ཁར་ ཁྲལ་ལས་ཟུར་ཐབས་འབད་བའི་ དངུལ་ཀྲམ་ས་ཡ་༡༨༤ བཙུགས་མི་ མ་ཐོནམ་ལས་ མཐའན་མཇུག་ལུ་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ གློད་གྲོལ་གྱི་ ཉེན་སྲུང་མ་དངུལ་ ས་ཡ་༨༠ བཙུགས་བཅུག་སྟེ་ ཉིན་གྲངས་༩༢ ཀྱི་ཤུལ་ལས་ དོ་དམ་ནང་ལས་ བཏོན་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *