ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཇེ་པི་ཨེལ་པིའི་ ཁྲལ་ཟུར་ཐབས་ཀྱི་ རྩོད་བཤེར་འབད་ནི།

༉ འདས་པའི་ཟླཝ་ནང་ ཆེ་མཐོ་ཁྲིམས་འདུན་གྱི་ གྲངས་མང་ཁྲི་ལས་ ཕུན་ཚོགས་གླིང་ལུ་ ཇེ་པི་ཨེལ་པི་ཚོང་སྡེ་གིས་ ཁྲལ་ཟུར་ཐབས་འབད་བའི་ འཁྲུན་ཆོད་ཀྱི་ རྒྱབ་འགལ་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ མཐོ་གཏུགས་འབད་མི་དེ་ མངོན་མཐོ་ཁྲིམས་འདུན་གྱིས་ ངོས་ལེན་མཛད་ནུག།
མངོན་མཐོ་ཁྲིམས་འདུན་ལས་ གནས་ཚུལ་བཤད་མི་ཚུ་གིས་ སླབ་མིའི་ནང་ ཁྲིམས་སྤྱི་བློན་པོ་གིས་ མཐོ་གཏུགས་བཤེར་ཡིག་ལུ་ ངོས་ལེན་འབད་ཡོད་པའི་སྐོར་ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ཚུ་ལུ་ གསུངས་ཡོད་རུང་ ད་ལྟོ་ སྙན་གསན་གྱི་དོན་ལུ་ ཁྲིམས་ཁྲི་ག་ལུ་ཡང་ བགོ་བཀྲམ་མ་འབད་བར་ཡོད་ཟེར་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༡༥ ལུ་ ཆེ་མཐོ་ཁྲིམས་འདུན་གྱི་ གྲངས་མང་ཁྲིམས་ཁྲི་གིས་ ཁྲིམས་ཁྲི་༣ པའི་འཁྲུན་ཆོད་དེ་ བསྒྱུར་བཅོས་ཧྲིལ་བུ་མཛད་དེ་ ཇེ་པི་ཨེལ་པི་ལུ་ ཁྲལ་ལས་ཟུར་ཐབས་འབད་བའི་ དངུལ་འབོར་བསྡོམས་ དངུལ་ཀྲམ་ས་ཡ་༡༤ ལྷགཔ་ཅིག་ སྤྲོད་དགོ་པའི་ འཁྲུན་ཆོད་གནང་པའི་ཤུལ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ འཁྲུན་ཆོད་བསྐྱར་ཞིབ་འབདཝ་ད་ རྒྱལ་ཁམས་ལུ་ ཁེ་རྒུད་མ་བཏུབ་པར་ཡོདཔ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་དགོཔ་སྦེ་སླབ་ནུག།
དེ་འབདཝ་ད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ རྩོད་བཤེར་འབད་ནི་གི་ འོས་འབབ་ཡོད་མེད་བལྟ་མི་ ཕྱིར་སེལ་ཚོགས་ཆུང་གིས་ མཐོ་གཏུགས་འབད་ནི་སྦེ་ མོས་མཐུན་བྱུང་ཡོད་རུང་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ མཐོ་གཏུགས་མི་འབད་ཟེར་ སླབ་ཡོད་པའི་སྐོར་ ལྷན་ཚོགས་ལུ་ ངག་ཐོག་སྙན་ཞུ་ལྷོད་ཅི་ཟེར་ ལྷན་ཚོགས་ཀྱིས་བཀོད་ནུག།
གྲངས་མང་ཁྲིམས་ཁྲི་གིས་གནང་མི་ འཁྲུན་ཆོད་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མཐོ་གཏུགས་མ་འབད་བར་ བཞག་མི་དེ་གིས་ ཁྲལ་བཀལ་ནིའི་ནང་ དཔེ་ངན་སྟོན་ནི་དང་ མ་འོངས་པའི་ ཁྱུན་ལམ་ལུ་ ནོར་བ་སྦོམ་བཟོ་ནི་གི་ ཚ་གྱང་ཡོད་མི་ལུ་བརྟེན་ མཐོ་གཏུགས་འབདཝ་ཨིན་ཟེར་ ལྷན་ཚོགས་ཀྱིས་ བཀོད་ནུག།
དེ་འབདཝ་ལས་ རྒྱལ་ཁམས་ཀྱི་ མགྲིན་ཚབ་ལུ་ མཐོ་གཏུགས་བཤེར་ཡིག་ཕུལ་མི་དེ་ མངོན་མཐོ་ཁྲིམས་འདུན་གྱིས་ ངོས་ལེན་མཛད་དེ་ བཀྲིན་བསྐྱང་གནང་ཟེར་ བཀོད་པའི་ཁར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ གནད་དོན་ག་ཅི་ལུ་བརྟེན་ གྲངས་མང་ཁྲིམས་ཁྲིའི་ འཁྲུན་ཆོད་ལུ་ མཐོ་གཏུགས་མ་འབདཝ་ཨིན་ན་ ཡིག་ཐོག་ལུ་ ཁུངས་བཀལ་དགོཔ་ཡོད་མི་དེ་ ལྷན་ཚོགས་ཀྱིས་ མ་ཐོབ་ཚུན་ ད་ལྟོ་ ཁ་གསལ་སྦེ་ ཞུ་མི་ཤེས་པས་ཟེར་བཀོད་ནུག།
ཨིན་རུང་ མཐོ་གཏུགས་ཀྱི་ གནད་དོན་ཚུ་ བདུན་ཕྲག་༢ ཀྱི་ནང་འཁོད་ལུ་ ཕུལ་འོང་ཟེར་ ལྷན་ཚོགས་ཀྱིས་བཀོད་ནུག།
ཐོག་མའི་འཁྲུན་ཆོད་ལུ་གཞི་འཛིན།
དྲང་དཔོན་གསུམ་གྱིས་ སྙན་གསན་མཛད་མི་ གྲངས་མང་ཁྲི་གིས་ སྤྱི་ལོ་༢༠༡༧ ཟླ་༧ པའི་ནང་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ གཞི་འཛིན་ཐོག་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༣ པ་གིས་གནང་མི་ འཁྲུན་ཆོད་དེ་ བསྒྱུར་བཅོས་གནང་ཡོདཔ་ད་ གྲངས་མང་ཁྲིམས་ཁྲི་དང་ དྲུང་ཁག་ཁྲིམས་འདུན་གྱིས་འབད་བ་ཅིན་ ཇེ་པི་ཨེལ་པི་ཚོང་ལས་ཁང་གི་ཇོ་བདག་ ཇ་ཏཱན་ལཱལ་ པར་སཱད་ཀྱིས་ སྤྱི་ལོ་༢༠༡༡ ལས་༢༠༡༤ གི་བར་ན་ ལོ་༤ གི་རིང་ དངུལ་ཀྲམ་ས་ཡ་༡༨༤ དེ་ཅིག་ ཁྲལ་ལས་ཟུར་ཐབས་འབད་མི་ལས་ དངུལ་ཀྲམ་ས་ཡ་༡༤.༤༨༧ ལས་བརྒལ་ སྤྲོད་མ་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ནུག།
དངུལ་འབོར་དེ་ཡང་ ཁྲལ་ཟུར་ཐབས་འབད་བའི་ ཉེས་སྐྱེད་བརྒྱ་ཆ་༢༤ དང་ ཉེས་བྱ་བརྒྱ་ཆ་༢༠༠ རྩིས་རྐྱབ་སྟེ་ སྤྲོད་དགོཔ་ཨིན་པས།
གྲངས་མང་ཁྲིམས་ཁྲི་དང་ ཐོག་མའི་ཁྲིམས་འདུན་གཉིས་ཆ་ར་གིས་ ལོ་ངོ་༤ གི་འབབ་ཁུངས་ཚུ་ ཚོང་ཆས་ཉོ་བའི་ གོང་ཚད་དངུལ་ཀྲམ་ས་ཡ་༡༡༨.༦༥༡ ཕབ་ཆག་འབད་མི་ལུ་བརྟེན་ འོང་འབབ་ངེས་ཏིག་གུ་ རྩིས་རྐྱབ་ད་ དངུལ་ཀྲམ་ས་ཡ་༡༨༤ མེན་པར་ དངུལ་ཀྲམ་ས་ཡ་༡༤ ལྷགཔ་ཅིག་ ཁྲལ་ལས་ཟུར་ཐབས་འབད་ཡོདཔ་ཨིན་པས།
དེ་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་བའི་ཤུལ་ལས་ ཁྲིམས་ཁྲི་༣ པ་གིས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་བསྒྱུར་བཅོས་ཐོག་ ཇེ་པི་ཨེལ་པི་གིས་ ཁྲལ་སྤྲོད་དགོཔ་ དངུལ་ཀྲམ་ས་ཡ་༡༤.༤༨༧ ལས་ དངུལ་ཀྲམ་ས་ཡ་༡༢༦.༨༩༧ ལུ་ ཡར་སེང་འབད་མི་དེ་ཡང་ ཉོ་བའི་གོང་ཚད་རྩིས་རྐྱབ་སྟེ་ བཀལ་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༡ པའི་ཚེས་༣༠ ལུ་གནང་མི་ ཁྲིམས་ཁྲི་༣ པའི་འཁྲུན་ཆོད་ནང་ འབྲུག་གི་འོང་འབབ་བཅའ་ཁྲིམས་༢༠༠༡ ཅན་མ་དང་འཁྲིལཝ་ད་ ཉོ་བའི་གོང་ཚད་དང་ ཐད་ཀར་དུ་ ཟད་འགྲོ་བཏང་མི་ཚུ་ འོང་འབབ་ཁྲལ་གྱི་ རྩིས་ཁྲ་བཙུགས་པའི་སྐབས་ལུ་ ཕབ་ཆག་གི་ ངོས་ལེན་འབདཝ་ཨིན་རུང་ ཁྲལ་ལས་ཟུར་ཐབས་འབད་ཡོདཔ་ བདའ་ཟུན་པ་ཅིན་ ཕབ་ཆག་འབད་ནི་མེད་ཟེར་བཀོད་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ ཁྲིམས་འདུན་ལུ་ཕུལ་མི་ ཉེས་འཛུགས་ནང་གསལ་ ཇེ་པི་ཨེལ་པིའི་ ཁ་ཐུག་ལས་ ཚོང་གི་རྩིས་དེབ་ཁག་༢ དང་ གློག་རིག་མཉེན་ཆས་ཁག་༢ ལག་ལེན་འཐབ་ཐོག་ལས་ སྤྱི་ལོ་༢༠༡༡ ལས་༢༠༡༤ ཚུན་ ལོ་༤ གི་ནང་འཁོད་ ཚོང་ལས་འབབ་ཁུངས་ཀྱི་ཁྲལ་ དངུལ་ཀྲམ་ས་ཡ་༥༤.༦༧༨ ལྷགཔ་ཅིག་ གཞུང་ལུ་ མ་ཕུལ་བར་ ཟུར་བཞག་མི་གུ་ ཉེས་བྱ་བརྒྱ་ཆ་༢༠༠ བཀལཝ་ད་ དངུལ་ཀྲམ་ས་ཡ་༡༠༩.༣༥༦ དང་ ཁྲལ་དུས་ཚོད་ཁར་ མ་བཏབ་པའི་ ཉེས་ཆད་ཀྱི་སྐྱེད་ བརྒྱ་ཆ་༢༤ བཀལ་ཐོག་ལས་ དངུལ་ཀྲམ་ས་ཡ་༢༠.༨༦༨ ལྷགཔ་ཅིག་བརྩིས་ཏེ་ ཡོངས་བསྡོམས་དངུལ་ཀྲམ་ས་ཡ་༡༨༤.༩༠༣ གཞུང་ལུ་ ཕུལ་བཅུག་དགོཔ་ཨིན་པས།
ད་རུང་ ཉེས་འཛུགས་ཅན་ ཇེ་པི་ཨེལ་པི་གིས་ ཁྲལ་ལས་ཟུར་ཐབས་འབད་བའི་ ཉེས་པ་ཡོདཔ་ལས་ འབབ་ཁུངས་ཁྲལ་གྱི་བཅའ་ཁྲིམས་༢༠༠༡ ཅན་མའི་ སྤྱིར་བཏང་གནད་དོན་ལེའུ་༥ པའི་དོན་ཚན་༣༦ པ་དང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་ཚུ་ལས་ འགལ་ཡོདཔ་ལས་ རིན་ཐང་དང་བསྟུན་པའི་ ཉེས་ཁྲིམས་ཡང་ སྨིན་གནང་དགོཔ་སྦེ་ ཉེས་འདོགས་པ་གིས་ ཁྲིམས་འདུན་ལུ་ཞུ་ནུག།
ཁྲིམས་ཁྲི་༣ པ་གིས་ཡང་ ཇེ་པི་ཨེལ་པི་ལུ་ ཉེས་འདོགས་པའི་ ཉེས་འཛུགས་དང་འཁྲིལ་ ཁྲིམས་འཐུས་བཏབ་མ་ཆོག་པའི་ བཙོན་ཁྲིམས་ལོ་༥ བཀལ་མི་ལུ་བརྟེན་ རྩོད་ཟླའི་རྒྱབ་མི་གིས་ གྲངས་མང་ཁྲིམས་ཁྲི་ལུ་ མཐོ་གཏུགས་ཞུ་ཡོདཔ་ད་ རྒྱབ་མི་གིས་འབད་བ་ཅིན་ ཁྲལ་ལོ་༢༠༡༡ ལས་༢༠༡༤ ཚུན་ ལོ་༤ གི་རིང་ ཁྲལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༥༤.༦༧༨ མ་བཏབ་པར་ ཟུར་ཡོད་པའི་ ཉེས་འཛུགས་འབད་མི་དེ་ བདེན་པ་རྩ་ལས་མེད་པའི་ཁར་ ཚོང་ལས་གཅིག་གི་དོན་ལུ་ རྩིས་དེབ་ཁག་༢ བཞག་ཡོདཔ་དང་ གློག་རིག་མཉེན་ཆས་ཁག་༢ ལག་ལེན་འཐབ་ནུག་ཟེར་མི་དེ་ཡང་ བདེན་པ་མེད་པའི་ར་ཁུངས་བཀལ་ནུག།
གྲངས་མང་ཁྲིམས་ཁྲིའི་ འཁྲུན་ཆོད་ནང་ ཁྲལ་དེ་ཚུ་ ཚོང་ལས་གཞི་བཙུགས་འབད་དེ་ ལག་ལེན་འཐབ་མིའི་ནང་ལས་ ཁེ་སང་ངེས་ཏིག་བཟོ་མི་གུ་ གཞི་བཞག་སྟེ་ ཁྲལ་བཏབ་དགོཔ་བཞིན་དུ་ གལ་སྲིད་ ཁྲལ་ལས་ཟུར་ཐབས་འབད་ཡོད་པ་ཅིན་ ཉེས་སྐྱེད་དང་ ཉེས་བྱ་ཚུ་ བཀལ་དགོཔ་ཨིན་ཟེར་བཀོད་ནུག།
ད་རུང་ ཁྲིམས་ཁྲི་༣ པ་གིས་ ཇ་ཏཱན་ལཱལ་ པར་སཱད་ལུ་ ཁྲིམས་འཐུས་བཏབ་མ་ཆོག་པའི་ བཙོན་ཁྲིམས་ལོ་༥ བཀལ་མིའི་ཐད་ལུ་ གྲངས་མང་ཁྲི་གིས་ ཆ་ཤས་ཅིག་ བསྒྱུར་བཅོས་འབད་དེ་ ཁོ་ར་ ཞིབ་དཔྱད་སྐབས་ ཉིན་གྲངས་༩༢ དོ་དམ་འོག་ལུ་སྡོད་མི་ མར་ཕབ་ཐོག་ བཙོན་འཐུས་དངུལ་ཀྲམ་༢༡༣,༥༠༠ བཏབ་དགོ་པའི་ འཁྲུན་ཆོད་བཏོན་ནུག།
ཇ་ཏཱན་ལཱལ་ པར་སཱད་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དོ་དམ་འོག་ལུ་ བཞག་པའི་སྐབས་ དོ་དམ་འོག་ལས་ བཏོན་ནིའི་དོན་ལུ་ རྒྱབ་མི་སྦེ་འཛུལ་མི་ ག་ཡང་མ་ཐོན་པའི་ཁར་ ཁྲལ་ལས་ཟུར་ཐབས་འབད་བའི་ དངུལ་ཀྲམ་ས་ཡ་༡༨༤ བཙུགས་མི་ མ་ཐོནམ་ལས་ མཐའན་མཇུག་ལུ་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ གློད་གྲོལ་གྱི་ ཉེན་སྲུང་མ་དངུལ་ ས་ཡ་༨༠ བཙུགས་བཅུག་སྟེ་ ཉིན་གྲངས་༩༢ ཀྱི་ཤུལ་ལས་ དོ་དམ་ནང་ལས་ བཏང་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *