ངན་ལྷད་བཀག་སྡོམ་གྱིས་ ཌམ་པར་ཊཱག་ནང་འདྲེན་གྱི་ སྔོ་ལྗང་ཁྲལ་ མ་བཏབ་མི་ལུ་ཞིབ་དཔྱད།

༉ ཕུན་ཚོགས་གླིང་ལུ་ སྣུམ་འཁོར་ཌམ་པར་ཊཱག་གི་ ཚོང་འབྲེལ་ངོ་ཚབ་ ཌི་སི་ཌི་དང་ ཨོ་རྒྱན་སྣུམ་འཁོར་ཚོང་ལས་༢ ཀྱིས་ ཇི་ཏི་ཟེར་ སྔོ་ལྗང་གི་ཁྲལ་ དངུལ་ཀྲམ་ས་ཡ་ལས་བཅད་དེ་ ཟུར་ཐབས་འབད་བའི་ དོགས་པ་ལུ་བརྟེན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས།

མ་གཞི་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ལས་ བརྡ་དོན་ཁ་གསལ་སྦེ་ ཐོབ་མ་ཚུགས་རུང་ གནས་ཚུལ་བཤད་མི་ཚུ་གིས་འབད་བ་ཅིན་ ཚོང་འབྲེལ་ངོ་ཚབ་༢ ཀྱིས་ སྣུམ་འཁོར་ཊཱག་༢༥༠ ལྷགཔ་ཅིག་གི་ སྔོ་ལྗང་ཁྲལ་ མ་བཏབ་པས་ཟེར་ཨིན་པས།

ཚོང་འབྲེལ་བ་ཚུ་གིས་ ནང་འདྲེན་འབད་མི་ ཌམ་པར་ཊཱག་ཚུ་ གཞུང་ལམ་བདའ་སྟེ་ བདའ་ནི་མེནམ་ལས་ སྔོ་ལྗང་གི་ཁྲལ་རྐྱངམ་གཅིག་མ་གཏོགས་ བཙོང་ཁྲལ་དང་ ཅ་དམ་གྱི་ཁྲལ་ བཀལ་ནི་མེདཔ་ཨིན་པས།

འབྲུག་ཚོང་འབྲེལ་དབྱེ་ཁག་ཡིག་ཆ་དང་འཁྲིལཝ་ད་ ཅ་ཆས་སྐྱེལ་འདྲེན་གྱི་དོན་ལུ་ ལག་ལེན་འཐབ་མི་ སྣུམ་འཁོར་ཌམ་པར་ཚུ་ལུ་ ཁྲལ་བརྒྱ་ཆ་༡༠ བཀལ་དོ་ཡོདཔ་ཨིན་པས།

འབྲུག་གི་ཅ་དམ་བཅའ་ཁྲིམས་༢༠༡༧ ཅན་མའི་ དོན་ཚན་༦༣ པ་དང་འཁྲིལ་བ་ཅིན་ ནང་འདྲེན་དང་ ཕྱིར་བཙོང་གི་ཅ་དངོས་ཚུ་ ཁྲལ་ཕོག་མི་དང་ ཡང་ཅིན་ དགོངས་ཡངས་ཨིན་རུང་ ཅ་དམ་ཡིག་ཚང་དང་ ས་ཁོངས་ཚུ་ནང་ གསལ་སྟོན་འབད་དགོཔ་ཨིན་པས།

འབྲུག་གི་ཅ་དམ་བཅའ་ཡིག་དང་སྒྲིག་གཞི་༢༠༡༧ ཅན་མ་དང་འཁྲིལ་རུང་ མི་ཅིག་གིས་ ཅ་དངོས་ཚུ་ ཐོན་འཛུལ་ས་གོ་ནང་ ཅ་དམ་འགོ་དཔོན་ཚུ་ལུ་ གསལ་སྟོན་འབད་དགོ་ཟེར་བཀོད་དེ་འདུག།

དེ་འབདཝ་ལས་ ཚོང་འབྲེལ་ངོ་ཚབ་ ཡང་ཅིན་ ནང་འདྲེན་པ་གང་རུང་གིས་ ཁྲལ་བཏབ་དགོཔ་ཨིན་རུང་ དོགས་པ་ཅན་གྱི་ ཚོང་འབྲེལ་ངོ་ཚབ་ཀྱིས་ ཆེད་དུ་དམིགས་ཏེ་ར་ སྔོ་ལྗང་གི་ཁྲལ་ མ་བཏབ་བཟུམ་ཅིག་འདུག་ཟེར་ཨིན་པས།

ཌམ་པར་ཊཱག་ཚུ་གི་ རིན་གོང་དེ་ དངུལ་ཀྲམ་ས་ཡ་༡ ལས་༢.༣ ཚུན་ གནས་དོ་ཡོདཔ་ལས་ ཚོང་འབྲེལ་བ་༢ ཀྱིས་ ཁྲལ་ལས་ཟུར་ཐབས་འབད་ཡོདཔ་ ངེས་བདེན་ཨིན་པ་ཅིན་ ཉེས་ཆད་འབོར་ཆེ་ཏོག་ཏོ་སྦེ་སྤྲོད་དགོཔ་ འཐོན་ནི་ཨིན་པས།

དཔེར་ན་ མི་ཅིག་གིས་ རིན་གོང་དངུལ་ཀྲམ་ས་ཡ་༡ འབད་མི་ ཊཱག་ཅིག་ལུ་ ཁྲལ་མ་སྤྲོད་པ་ཅིན་ ཉེས་ཆད་དངུལ་ཀྲམ་འབུམ་༥ ཕོག་ནི་དང་ སྣུམ་འཁོར་ཊཱག་༢༠༠ ནང་འདྲེན་འབད་ཡོད་པ་ཅིན་ ཉེས་བྱ་དངུལ་ཀྲམ་ས་ཡ་༡༠༠ ཕོག་ནི་ཨིནམ་ད་ ཉེས་བྱ་གུ་ ད་རུང་ སྔོ་ལྗང་གི་ཁྲལ་ བརྒྱ་ཆ་༡༠ སྤྲོད་དགོཔ་ཨིན་པས།

ལོ་རྒྱུས་དང་འཁྲིལཝ་ད་ ཁྲལ་ལས་ཟུར་ཐབས་འབད་མི་དེ་ སྤྱི་ལོ་༢༠༡༨ དང་༢༠༡༩ ལུ་ ཕུན་ཚོགས་གླིང་དང་ ལྷོ་མཚམས་རྫོང་ཁག་གཞན་ཚུ་ལས་ རྡོ་ཕྱིར་བཙོང་འབད་བའི་ ནམ་དུས་ལུ་ གོ་སྐབས་ལེན་དོ་བཟུམ་་འདུག་ཟེར་ཨིན་པས།

སྤྱི་ལོ་༢༠༡༨ ལས་ ས་མཚམས་ཁྲོམ་སྡེ་ནང་ རྡོའི་ཕྱིར་བཙོང་ཤུགས་ལང་པའི་ དུས་སྐབས་ལུ་ ཌམ་པར་ཊཱག་གི་ ནང་འདྲེན་ཡར་འཕར་སོང་ཡོདཔ་ད་ དེ་བསྒང་ ཊཱག་༡,༠༠༠ ལྷགཔ་ཅིག་ ནང་འདྲེན་འབད་ནུག་ཟེར་ཨིན་པས།

འབྲུག་ཚོང་འབྲེལ་རྩིས་དཔྱད་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༩ ལུ་ འབྲུག་གིས་ དངུལ་ཀྲམ་ས་ཡ་༨༤༣.༢༦ དེ་ཅིག་གནས་པའི་ ཌམ་པར་ཊཱག་ཚུ་ ནང་འདྲེན་འབད་ཡོདཔ་བཞིན་དུ་ ལོ་དེ་ནང་ར་ དངུལ་ཀྲམ་ཐེར་འབུམ་༤.༩༧ དེ་ཅིག་གི་ རྡོ་ཕྱིར་བཙོང་འཐབ་ནུག།

སྤྱི་ལོ་༢༠༢༠ ཟླ་༡ པ་ལས་༦ པ་ཚུན་ དངུལ་ཀྲམ་ས་ཡ་༨༩༩.༩༡ དེ་ཅིག་གི་ རྡོ་བཙོང་ཡོད་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *