ངན་ལྷད་དང་འབྲེལ་བའི་ རྩོད་བཤེར་གྱི་དོན་ལུ་ ཁྲིམས་ཁྲི་སོ་སོར་དགོ་པའི་གྲོས་འདེབས།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་གིས་ ངན་ལྷད་དང་འབྲེལ་བའི་ རྩོད་བཤེར་ཚུ་ ཁྲིམས་འདུན་ལས་ དུས་ཐོག་སྙན་གསན་འབད་ནིའི་ ལྷན་ཐབས་ལུ་ ཁྲིམས་ཁྲི་ཅིག་ ངོས་འཛིན་འབད་ནི་ ཡང་ཅིན་ ཁྲིམས་ཁྲི་གསརཔ་ གཞི་བཙུགས་འབད་དགོཔ་སྦེ་ དྲང་ཁྲིམས་ལྷན་སྡེ་ལུ་ གྲོས་འདེབས་ཕུལ་ནི་སྦེ་ ཆ་འཇོག་གྲུབ་གནང་ཡི།

དེ་ཡང་ ཚོགས་འདུའི་གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་༢༠༡༩ ཅན་མ་ བསྐྱར་ཞིབ་ཐོག་ གྲོས་འདེབས་ཕུལ་མི་གུ་ གསུང་གྲོས་རྒྱས་པར་གནང་པའི་ཤུལ་ལས་ གྲོས་ཐག་བཅད་གནང་ཡི།

ངན་ལྷད་མར་ཕབ་དང་ ངན་ལྷད་ཀྱི་ རྩོད་བཤེར་ཚུ་ འཕྲལ་མགྱོགས་སྦེ་ འབད་ཐབས་ལུ་དམིགས་ཏེ་ ཚོགས་ཆུང་གིས་ གྲོས་འདེབས་༥ ཕུལ་མི་ལས་ གྲོས་འདེབས་དང་པ་དེ་ཨིན་པས།

འདས་པའི་ལོ་ཚུ་ནང་ ངན་ལྷད་དང་འབྲེལ་བའི་ རྩོད་དོན་ཚུ་ ཡར་འཕར་སོང་ཡོདཔ་ད་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གི་ཁྲི་འཛིན་ བདེ་བ་ཐང་-སྒོམ་དར་གྱི་འཐུས་མི་ ཨྱོན་རྡོ་རྗེ་གིས་ སྙན་ཞུའི་དུས་ཡུན་སྐབས་ རྩོད་ཉོགས་བསྡོམས་༥༠ ཡོད་མི་དེ་ སྤྱི་ལོ་༢༠༡༨ ལུ་ རྩོད་ཉོགས་༣༩ དང་ཕྱདཔ་ད་ བརྒྱ་ཆ་༢༨.༢ ཡར་སེང་སོང་ནུག་ཟེར་ཞུ་ཡི།

རྩོད་དོན་བསྡོམས་༥༠ ལས་༢༥ ཞིབ་དཔྱད་འབད་ཚར་ཡོདཔ་བཞིན་དུ་ རྩོད་དོན་༡༣ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ བཏང་ཡོདཔ་ད་ རྩོད་དོན་༦ ངན་ལྷད་ཀྱི་སྒྲུབ་བྱེད་ ཡང་ཅིན་ བདག་སྐྱོང་དང་འབྲེལ་བའི་ གནད་དོན་ཨིནམ་ལས་ རྩོད་བཤེར་མ་འབད་བར་ བཤོལ་བཞག་ནུག་ཟེར་ཨིན་པས།

རྩོད་དོན་༦ འབྲེལ་ཡོད་ལས་སྡེ་ཚུ་ལུ་ བདག་སྐྱོང་གི་ དང་ལེན་དོན་ལུ་ ཕྱིར་གཏུགས་འབད་བའི་ཁར་ ལྷག་ལུས་རྩོད་ཉོགས་༢༥ དེ་ གནས་རིམ་སོ་སོའི་ནང་ ཞིབ་དཔྱད་འབད་བའི་བསྒང་འདུག་ཟེར་ འཐུས་མི་ཨྱོན་རྡོ་རྗེ་གིས་ ཞུ་ཡི།

དགྲ་མེད་རྩེ་-སྔ་ཚང་གི་འཐུས་མི་ ཨྱོན་དབང་འདུས་ཀྱིས་ སྤྱི་ལོ་༢༠༡༩ ལུ་ རྩོད་དོན་༤༥ ཡོད་མི་དེ་ སྤྱི་ལོ་༢༠༡༤ ལས་ཨིནམ་བཞིན་དུ་ ཁྲིམས་ཀྱི་འདུན་ས་ལས་ བསྡོམས་ཀྱིས་འཁྲུན་ཆོད་༦༠ བཏོན་ནུག་ཟེར་ཞུ་ཡི།

མངོན་མཐོ་ཁྲིམས་འདུན་གྱིས་ ངན་ལྷད་དང་འབྲེལ་བའི་ རྩོད་གཞི་དེ་ གཙོ་རིམ་བཟུང་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ད་ ཐིམ་ཕུག་རྫོང་ཁག་ཁྲིམས་ཀྱི་འདུན་སར་ ཁྲིམས་ཁྲི་༥ ཡོད་མི་ལས་༡ ངན་ལྷད་ཀྱི་ རྩོད་བཤེར་དོན་ལུ་ དྲང་ཁྲིམས་ལྷན་སྡེ་གིས་ ངོས་འཛིན་གནང་པ་ཅིན་ རྩོད་བཤེར་འབད་ནི་ལུ་ བྱ་སྟབས་བདེ་ནི་དང་ འགན་འཁྲི་འབག་ནི་ལུ་ཡང་ ལྷན་ཐབས་འབྱུང་ནི་མས་ཟེར་ ཚོགས་ཆུང་གི་ འཐུས་མི་ཡང་ཨིན་མི་ ཨྱོན་དབང་འདུས་ཀྱིས་ཞུ་ཡི།

ཨ་ཐང་-ཐེད་ཚོ་གི་འཐུས་མི་ ཀུན་ལེགས་དབང་ཕྱུག་གིས་ ངན་ལྷད་ལུ་ གདོང་ལེན་འབད་ནིའི་དོན་ལས་ གཙོ་རིམ་བཟུང་སྟེ་ རྩོད་བཤེར་འབད་དགོཔ་ གལ་ཆེ་ནི་དེ་གིས་ གཞུང་སྐྱོང་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ དེ་ལས་ དྲང་ཁྲིམས་ལྷན་སྡེ་༣ མཉམ་རུབ་ཐོག་ལས་ དཔལ་འབྱོར་ལུ་ ཐོག་མ་ཕོག་པར་ ལཱ་འབད་ནིའི་དོན་ལུ་ ཐབས་ལམ་བཏོན་དགོ་མི་ལུ་བརྟེན་ གྲོས་འདེབས་ལུ་ རྒྱབ་སྐྱོར་ཕུལ་ཡི།

ཆུ་ཁ་སྦོང་སྒོ་-སྐྱབས་ཆའི་འཐུས་མི་ ཚེ་དབང་ལྷ་མོ་གིས་ རྩོད་གཞི་དེ་ ག་ཅི་ཨིན་རུང་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་ནི་དེ་ ཁག་ཆེཝ་ལས་ ཁྲིམས་ཁྲི་ཅིག་ ངོས་འཛིན་འབད་ནིའི་ གྲོས་འཆར་ལུ་ རྒྱབ་སྐྱོར་ཡོད་ཟེར་ཞུ་ཡི།

ལྡོག་ཕྱོགས་འགོ་ཁྲིདཔ་ རྡོ་རྗེ་དབང་འདུས་ཀྱིས་ ཞུ་མིའི་ནང་ རྒྱལ་ཁབ་ནང་ ངན་ལྷད་འབད་མི་ལུ་ བཟོད་བསྲན་མེད་རུང་ རྩོད་བཤེར་འབདཝ་ད་ ལོ་ལས་ལོ་བཅད་དེ་ ནམ་ཡང་མཇུག་བསྡུ་ནི་མེད་པའི་ དཀའ་ངལ་ཡོདཔ་ལས་ ངན་ལྷད་མར་ཕབ་འབད་ནི་ལུ་ གདོང་ལེན་སྦོམ་འདུག་ཟེར་ཨིན་པས།

ཐིམ་ཕུག་ལུ་ ཨའི་དང་ཨ་ལོའི་ཁྲིམས་ཁྲི་དང་ ཚོང་འབྲེལ་ཁྲིམས་ཁྲི་ སྣ་ཚོགས་ཁྲིམས་ཁྲི་ དེ་ལས་ ཁྲིམས་ཁྲི་གཞན་ཚུ་ཡང་ ཧེ་མ་ལས་མེན་པར་ དུས་ཀྱི་འགྱུར་བ་དང་འཁྲིལ་ གཞི་བཙུགས་འབད་ཡོདཔ་ལས་ ངན་ལྷད་ཀྱི་ རྩོད་བཤེར་འབད་ནིའི་དོན་ལུ་ ཁྲིམས་ཁྲི་གསརཔ་ གཞི་བཙུགས་འབད་ནི་གི་ འོས་ལྡནམ་མས་ཟེར་  ལྡོག་ཕྱོགས་འགོ་ཁྲིདཔ་གིས་ ཞུ་ཡི།

ཚོགས་དཔོན་འོགམ་ བཙན་སྐྱོགས་དབང་འདུས་ཀྱིས་ ངན་ལྷད་དེ་ ག་དེ་སྦེ་ གདོང་ལེན་འབད་ནི་ཨིན་ན་དང་ ཁྲིམས་ཁྲི་ཅིག་ལུ་ འགན་འཁྲི་བཀལ་བ་ཅིན་ ལེགས་ཤོམ་འགྱོ་ནིའི་ གོ་སྐབས་འདུག་ཟེར་ རྒྱབ་སྐྱོར་འབད་ཡི།

སོ་ནམ་དང་ནགས་ཚལ་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་ ངན་ལྷད་ཀྱི་ ལཱ་འབད་མི་ཚུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་བའི་ རྩོད་བཤེར་ཚུ་ ད་ལྟོ་ཚུན་ དྲང་དཔོན་གཙོ་འཛིན་གྱིས་ ཁྲིམས་ཁྲི་ཚུ་ལུ་ བགོ་བཀྲམ་གནང་དོ་ཡོདཔ་ལས་ གྲོས་འདེབས་ཕུལ་དགོཔ་ཅིག་ མི་མཐོང་མི་དེ་ཡང་ ཁྲིམས་ཁྲི་སོ་སོར་བཟོ་བ་ཅིན་ ཁྲིམས་ཁྲི་འདི་ར་ ངན་ལྷད་ཀྱི་དབང་དུ་ ཤོར་ཉེན་འདུག་ཟེར་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *