ངན་ལྷད་ཀྱི་ མཐོང་ཚུལ་ལུ་ ངོས་ལེན་མེདཔ།

༉ འཁོར་ལམ་སེལ་ནི་འདི་ གོང་འཕེལ་གྱི་དོནལུ་ མེད་ཐབས་མེདཔ་ཅིག་ཨིནམ་བཞིན་དུ་ འབྲུག་རྒྱལ་ཁབ་ནང་འབད་བ་ཅིན་ ལམ་ལུ་བརྟེན་ དེང་སང་གི་ ལམ་ཕྱོགས་ལུ་ ཞུགས་ཡོདཔ་ཨིན།
ཨིན་རུང་ འཁོར་ལམ་གྱི་ སྤུས་ཚད་མེད་པའི་སྐོར་ལས་ ཉོགས་བཤད་དང་ དྲི་བ་བཀོད་བཞིན་དུ་ཡོདཔ་ད་ ང་བཅས་ལུ་ མཐོང་གསལ་བྱུང་མི་དང་འཁྲིལ་རུང་ འཁོར་ལམ་ལ་ལོ་ཅིག་ གནས་སྟངས་བྱང་ཉེས་ཡོད་པའི་ཁར་ འཕྲལ་ཁམས་ཅིག་ཁར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ མི་མང་གི་ འཁོར་ལམ་གནས་སྟངས་སྐོར་ལས་ སྙན་ཞུ་གསལ་སྟོན་འབད་མི་དེ་ནང་ ལམ་སེལ་དང་འབྲེལ་བའི་ ངན་ལྷད་འོང་སྲིད་པའི་ བརྡ་མཚོན་སྟོན་ནུག།
ལྷན་ཚོགས་ཀྱིས་ མི་མང་ལམ་སེལ་ནང་ མཐུན་འགྱུར་དང་ བྱ་སྒོ་ལོག་སྤྱོད་ཀྱི་ཐོག་ལས་ ངན་ལྷད་ཀྱི་ གནད་དོན་མཐོ་དྲགས་ཡོད་པའི་ཁར་ ནང་གསུག་སྤྲོད་ལེན་དང་ བརྡ་དོན་ཐོབ་སྤྱོད་འབད་མི་ལུ་ ལོག་སྤྱོད་དང་ རིན་བསྡུར་ཚུ་ནང་ ཚུལ་མིན་ལག་ལེན་ཚུ་ཡོད་པའི་ མངོན་གསལ་བྱུང་ནུག།
དེ་འབདཝ་ད་ གཞུང་གིས་ ངན་ལྷད་མི་འོང་ཟེར་ སླབ་མི་ཚུགས་ནི་ཨིནམ་སྦེ་ གསུངསམ་ཨིན་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་ འོང་སྲིད་ནི་མས་ཟེར་བའི་ མཐོང་སྣང་ལུ་ གཞི་བཞག་ཡོདཔ་ལས་ འདི་བཟུམ་མའི་ སྣང་ཚོར་ལུ་ དང་ལེན་འབད་ཐབས་མེད་ཟེར་ བདེན་ཁུངས་ཟངམ་ཨིན་མས།
མ་གཞི་ གཞུང་གིས་ ལམ་སེལ་སྡེ་ཚན་ལུ་ ལྟ་རྟོག་འབད་མི་ མི་ལངམ་སྦེ་ཡོདཔ་སྦེ་ ཐུགས་བཞེད་གནངམ་ཨིན་རུང་ ལྷན་ཚོགས་ཀྱི་ ཞིབ་འཚོལ་སྙན་ཞུ་ནང་ མངོན་གསལ་ཆེ་བའི་ དཀའ་ངལ་དེ་ར་ ལྟ་བཀོད་དང་ ལྟ་རྟོག་ལམ་ལུགས་ ལེགས་ཤོམ་མེད་པའི་ཁར་ བསྟར་སྤྱོད་ཡང་ ཚུལ་ལྡན་མིན་འདུག་ཟེར་བཀོད་ནུག།
དེ་སྦེ་འབད་བ་ཅིན་ མི་ཚུ་ལུ་ འཁོར་ལམ་བཟོ་སྐྲུན་ནང་ ངན་ལྷད་ཁྱབ་ཆེ་དྲགས་ཡོད་པའི་ མཐོང་ཚུལ་དང་ སྣང་ཚོར་ག་ཅི་སྦེ་ བྱུངམ་ཨིན་ན? གཞུང་གིས་ ག་ཅི་སྦེ་ སྣང་ཚོར་མ་འདྲཝ་དང་ ཐུགས་བཞེས་སོ་སོར་གནངམ་ཨིན་ན? དམངས་གཙོའི་རིང་ལུགས་ནང་ མཐོང་ཚུལ་དང་ སྣང་ཚོར་དེ་ བཅུད་ཁུངས་མངམ་ ག་ལུ་ཡོདཔ་ཨིན་ན?
ངན་ལྷད་དེ་ ཁྲིམས་འགལ་གྱི་ ལཱ་བྱ་ཨིནམ་མ་ཚད་ སྦ་གསང་ཐོག་ལས་ བྱ་ངན་འཐབ་ནི་དེ་གིས་ ཤེས་རྟོགས་བྱུང་ཚུགས་པར་ ལཱ་ཁག་ཡོདཔ་ད་ ངན་ལྷད་ཀྱི་ སྣང་ཚོར་བྱུང་མི་དེ་གིས་ གནས་སྟངས་ངོ་མའི་སྐོར་ ཤེས་རྟོགས་འབྱུང་ནི་གི་ གོ་སྐབས་བྱིནམ་ཨིན། བརྡ་དོན་ལེགས་ཤོམ་ཐོབ་མ་ཚུགས་པའི་ གནས་སྟངས་ནང་ ཁྲིམས་འགལ་གྱི་ ལག་ལེན་ཚུ་ལུ་ དོགས་པ་དང་ མཐོང་སྣང་ཚུ་ བྱུང་པ་ཅིན་ གཞུང་གི་ཧོངས་ལས་ རྩིས་ཞིབ་སྙན་ཞུ་ཚུ་ལུ་ གཞི་བཞག་པའི་ ཞིབ་འཚོལ་འབད་མི་ཚུ་ལུ་ སྐྱོན་བརྗོད་འབད་ནི་མེན་པར་ གདོང་ལེན་དང་ ངོས་ལེན་འབད་ནི་དེ་ཁག་ཆེ།
མི་མང་ལུ་ ངན་ལྷད་དང་འབྲེལ་བའི་ སྙན་ཞུ་འབད་དགོ་ཟེར་ སླབ་ནི་རྐྱངམ་གཅིག་མེན་པར་ གཞུང་གིས་ ལམ་སེལ་སྡེ་ཚན་ནང་ ངན་ལྷད་ཡོད་པའི་ ཚོར་སྣང་དང་ མཐོང་ཚུལ་བྱུང་མི་དེ་ ས་གོ་ཐབས་ལུ་ ལྷག་པར་དུ་ ཞིབ་དཔྱད་རྐྱབ་དགོ། ག་འཆརཔ་ཟེར་བ་ཅིན་ ཞིབ་དཔྱད་རྐྱབ་མི་ ལས་སྡེ་ཚུ་དང་ བརྡ་བརྒྱུད་ནང་ གསལ་བཀོད་འབད་མི་ཚུ་ ངན་ལྷད་ཀྱི་ གནས་རིམ་བརྟག་ཞིབ་ཀྱི་དོན་ལུ་ གཞི་བཞག་མི་ཚུགས་ཟེར་ བསམ་ཚུལ་འབད་ནི་དེ་ འཛོལ་བ་ཨིན།
འདི་བཟུམ་མའི་ གནད་དོན་ཚུ་གིས་ སྲིད་བྱུས་ཚུ་ནང་ ནོར་སྐྱོན་ཡོད་མི་ལུ་བརྟེན་ འགན་འཁྲི་བཀལ་དགོཔ་འདུག།
སྙན་ཞུ་དང་འཁྲིལཝ་ད་ ལམ་བཟོ་སྐྲུན་གྱི་ བྱ་རིམ་ཚུ་ནང་ རྒྱུད་བསྐུལ་དང་ དྲང་བདེན་མེདཔ་ ཚུལ་མིན་ལག་ལེན་ དེ་ལས་ འགན་འཁྲི་བཀལ་ནི་མེད་པའི་ དཀའ་ངལ་ཚུ་ གསལ་བཀོད་འབད་ཡོདཔ་ད་ རྩིས་ཞིབ་སྙན་ཞུ་ཚུ་གི་ གྲུབ་འབྲས་ཚུ་ལུ་ བལྟ་བ་ཅིན་ འདི་བཟུམ་མའི་ ཚུལ་མིན་ལག་ལེན་ལུ་བརྟེན་ སྤྱི་ལོ་༢༠༡༠ དང་༢༠༡༥ གི་བར་ན་ རྒྱལ་ཁབ་ལུ་ ལོ་རེར་ནང་ དངུལ་ཀྲམ་ས་ཡ་༧༨.༡༤ དེ་རེ་ གྱོང་རྒུད་ཕོག་ནུག།
ངན་ལྷད་ཀྱིས་ དཔར་འབྱོར་དང་ མི་སྡེ་གོང་འཕེལ་ལུ་ བར་ཆད་རྐྱབ་དོ་ཡོདཔ་ད་ གལ་སྲིད་ གཞུང་གི་ཁ་ཐུག་ལས་ ངན་ལྷད་ལུ་ བཟོད་བསྲནམ་མེདཔ་ ངེས་བདེན་ཨིན་པ་ཅིན་ ལམ་སེལ་སྡེ་ཚན་ནང་ ངན་ལྷད་ཡོད་པའི་ སྣང་ཚོར་དང་ དོགས་སྣང་ཡོད་མི་ཚུ་ལུ་ གྲོས་འདེབས་ཚུ་དང་འཁྲིལ་ བསྐྱར་ཞིབ་འབད་དེ་ ལག་ལེན་འཐབ་དགོ། ཞིབ་འཚོལ་ལུ་ སྐྱོན་བརྗོད་འབད་ནི་དང་ བརྟག་ཞིབ་ཀྱི་ གྲུབ་འབྲས་ཚུ་ལུ་ ངོས་ལེན་མ་འབད་བ་ཅིན་ འཛོལ་བ་འབད་མི་ཚུ་ལུ་ ལེགས་སྐྱེས་བྱིན་དོ་བཟུམ་སྦེ་ མཐོང་སྣང་འབྱུང་འོང་ཟེར་ ཞུ་ནི་ཨིན།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *