ངན་རྐྱབ་པའི་ ཁ་ཉེས་ཀྱི་རྩོད་དོན་ ཆེ་མཐོ་ཁྲིམས་འདུན་ལུ་ལྷོད་ཡོདཔ།

༉ འདས་པའི་ཟླཝ་ནང་ བསམ་གྲུབ་ལྗོངས་མཁར་ རྫོང་ཁག་ཁྲིམས་འདུན་གྱིས་ རྭཝ་ནང་ གཏད་རུལ་བཏོན་ཡོད་མིའི་ནང་ལས་ ལིངྒ་གུ་མིང་བྲིས་ཏེ་ བརྡབ་གསིག་རྐྱབ་པའི་ རྩོད་གཞི་ཅིག་དེ་ རྩོད་ཟླ་༡ གིས་ ཞུ་བ་ཕུལཝ་བཞིན་དུ་ ཕྱིར་བཏོན་གྱི་ འཁྲུན་ཆོད་གནང་མི་ལུ་ བསམ་པ་མ་རྫོགས་པར་ ཇོ་མོ་གཙང་ཁ་ལས་ སྒོམ་ཆེན་པདྨ་ཁྲི་ཚོགས་དང་ མཆོད་རྟེན་ཚེ་རིང་༢ ཀྱིས་ སྤྱི་ཟླ་༣ པའི་ཚེས་༡ ལུ་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ནུག།
རྩོད་ཟླ་ཚུ་གིས་ མཐོ་གཏུགས་འབད་མི་དེ་ཡང་ མཁན་པོ་ཕུརཔ་རྡོ་རྗེ་གིས་ འཇམ་དཔའ་ནི་དགོན་པའི་བླམ་ ཨྱོན་རྣམ་གྲོལ་དང་ མཚམས་པ་ངག་དབང་ཤེས་རབ་༢ ཀྱི་ མིང་བྲིས་ཞིནམ་ལས་ རྭཝ་ནང་བཙུགས་ཐོག་ལས་ ངན་རྐྱབ་ཡོད་པའི་ ཉེས་འཛུགས་འབད་མི་ལུ་ ཁྲིམས་གཏུགས་པ་ཚུ་གིས་ སྒྲུབ་བྱེད་གསལ་སྟོན་འབད་མ་ཚུགསཔ་ལས་ རྫོང་ཁག་ཁྲིམས་འདུན་གྱིས་ ཕྱིར་འགྱངས་འབད་བཞག་མི་ལུ་བརྟེན་ཨིན་པས།
འཁྲུན་ཆོད་དེ་ འདས་པའི་ཟླཝ་ནང་ བཏོན་ཡོདཔ་ད་ སྤྱི་ལོ་༢༠༡༤ ལུ་ བཟའ་ཚང་ནང་མི་ཚུ་ ན་མི་ལུ་བརྟེན་ ཆོས་སྒྲོན་དང་ བཀྲིས་ཚེ་རིང་ བསོད་ནམས་རྒྱ་མཚོ་ དེ་ལས་ གཏེར་བདག་རྣམ་རྒྱལ་༤ གིས་ གཏེར་བདག་དང་གཅིག་ཁར་ འབྲེལ་བ་འཐབ་པའི་སྐབས་ ལའུ་རི་གི་ མཐའ་ཟུར་གཡུས་ཚན་ཅིག་ནང་ལས་ གཡག་གི་རྭཝ་༦ ཐོབ་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ ཆོས་སྒྲོན་གྱི་རྨགཔ་དང་ བཀྲིས་ཚེ་རིང་གི་ཨ་པ་ དེ་ལས་ གཡུས་མི་རིན་ཆེན་ཟླ་བ་གི་ ནུ་གཅུང་ཚུ་ ན་བའི་སྐབས་ གཏེར་བདག་དང་གཅིག་ཁར་ འབྲེལ་བ་འཐབ་ད་ གཏེར་བདག་གིས་ གཡུས་ཚན་དེ་ནང་ ས་འདམ་རྫབ་ཅིག་ལས་ ཆོས་སྲུང་ཆགས་མི་ ཅ་ལའི་རིགས་ཅིག་ འཚོལ་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་འབད་བ་ཅིན་ གཡག་གི་རྭཝ་༢ མཐོང་ཅི་ཟེར་ཨིནམ་ད་ ཨིན་རུང་ ཆོས་སྒྲོན་གྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༡ ལུ་ མོ་དང་ མོ་རའི་རྨགཔ་དེ་ ཐིམ་ཕུག་ལུ་ སྨན་བཅོས་འབད་བར་ འགྱོ་བའི་སྐབས་ མཁན་པོ་ཕུརཔ་རྡོ་རྗེ་གིས་ གཡག་གི་རྭཝ་གིས་ རྐྱེན་ངན་ཚུ་ ཟློག་ཐབས་འབད་ཚུགས་ཟེར་ སླབ་མི་ལུ་བརྟེན་ ཁོ་ལས་ གཡག་གི་རྭཝ་ ཉོ་འབག་འོང་ཡོདཔ་ལས་ མོ་གི་ཁྱིམ་ནང་ རྭཝ་༤ ཡོད་ཟེར་ཨིན་པས།
གཡུས་མི་ཚུ་གིས་འབད་བ་ཅིན་ གཡག་གི་རྭཝ་དེ་ བཅགས་དཀྲུམ་འབད་བའི་སྐབས་ རྭཝ་གི་ནང་ན་ལས་ ངན་སྔགས་དང་སྦྲགས་ བླམ་དང་ མཚམས་པའི་མིང་ཐོབ་ཡོདཔ་ལས་ གཡུས་ཁའི་ཚོགས་པ་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ རིན་ཆེན་ཟླ་བ་གིས་ ཁོ་རའི་འགྲུལ་འཕྲིན་མོ་བཱ་ཡེལ་ནང་ པར་ཚུ་བཏབ་ཅི་ཟེར་ཨིནམ་ད་ ལོ་རྒྱུས་དེ་ གཡུས་ཁར་དར་ཁྱབ་སོང་མི་ལུ་བརྟེན་ པདྨ་ཁྲི་ཚོགས་དང་ མཆོད་རྟེན་ཚེ་རིང་༢ ཀྱིས་ ཇོ་མོ་གཙང་ཁའི་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཇོ་མོ་གཙང་ཁའི་ ཁྲིམས་སྲུང་འགག་པ་གིས་ མཁན་པོ་ཕུརཔ་རྡོ་རྗེ་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༤༦༢ དང་ འགལ་ཡོདཔ་ལས་ ཚོར་སྣང་དྲག་པོའི་ སྡུག་བསྔལ་བྱིན་པའི་ ཉེས་འཛུགས་འབད་ཡོདཔ་ད་ དོན་ཚན་དེ་ནང་ གལ་སྲིད་རྩོད་ཟླ་ཅིག་གིས་ མི་གཞན་ཅིག་ལུ་ དྲན་ཤེས་སམ་ ཚོར་སྣང་དྲོག་པོའི་ སྡུག་བསྔལ་གྱིས་མནར་བའི་ བྱ་སྤྱོད་འཐབ་པའམ་ གཏོགས་པ་ཅིན་ རྩོད་ཟླ་དེ་ བརྡབ་གསིག་གནོད་འགེལ་གྱི་ ཉེས་སྐྱོན་ཨིནམ་སྦེ་ བརྩི་དགོ་ཟེར་འདུག།
དེ་ལས་ ཁྲིམས་སྲུང་འགག་པ་གིས་ ཆོས་སྒྲོན་དང་ གཏེར་བདག་རྣམ་རྒྱལ་ བཀྲིས་ཚེ་རིང་ དེ་ལས་ བསོད་ནམས་རྒྱ་མཚོ་གིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༤༣༠ དང་༤༡༨ འགལ་ཡོདཔ་ལས་ སྒྲུབ་བྱེད་གཏོར་བཤིག་དང་ ཉེས་ལས་སྙན་ཞུ་མ་འབད་བའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
ཇོ་མོ་གཙང་ཁ་དྲུང་ཁག་ཁྲིམས་འདུན་གྱིས་ ཐེ་ཚོམ་ལས་གྲོལ་བའི་ སྒྲུབ་བྱེད་གསལ་སྟོན་འབད་མ་ཚུགས་མི་ལུ་བརྟེན་ མཁན་པོ་ཕུརཔ་རྡོ་རྗེའི་ རྒྱབ་འགལ་གྱི་རྩོད་དོན་དེ་ ཕྱིར་འགྱངས་གནང་ཡོདཔ་ད་ འཁྲུན་ཆོད་དང་འཁྲིལཝ་ད་ མཁན་པོ་གིས་ ཁོ་ལུ་ ཉེས་འཛུགས་འབད་མི་ཚུ་ ཁས་ལེན་འབད་མ་བཏུབ་ལས་ གཡུས་མི་ཚུ་ལུ་ སྐུར་འདེབས་ཀྱི་ ཉེས་འཛུགས་འབད་དགོ་ཟེར་ ཁྲིམས་འདུན་ལུ་ ཞུ་བ་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དྲུང་ཁག་ཁྲིམས་འདུན་གྱིས་ ཆོས་སྒྲོན་དང་ བཀྲིས་ཚེ་རིང་ བསོད་ནམས་རྒྱ་མཚོ་ དེ་ལས་ གཏེར་བདག་རྣམ་རྒྱལ་ལུ་ ཉེས་ལས་སྙན་ཞུ་མ་འབད་བའི་ ཉེས་འཛུགས་འབད་མི་དེ་ཡང་ ཕྱིར་འགྱངས་འབད་ཡོདཔ་ཨིན་པས།
ཁྲིམས་འདུན་གྱིས་ ཆོས་སྒྲོན་དང་ བཀྲིས་ཚེ་རིང་ གཏེར་བདག་རྣམ་རྒྱལ་༣ ལུ་ སྒྲུབ་བྱེད་གཏོར་བཤིག་འབད་མི་ལུ་བརྟེན་ བཙོན་ཁྲིམས་བཀལ་ཡོད་རུང་ ཆོས་སྒྲོན་གྱིས་ ཁྲིམས་སྲུང་འགག་སྡེའི་དོ་དམ་འོག་ལུ་ ཞག་གྲངས་༡༢ དང་ བཀྲིས་ཚེ་རིང་ ཞག་གྲངས་༡༡ བཞག་མི་དེ་ ཁོང་གི་ ཉེས་ཁྲིམས་བཟུམ་ཨིནམ་བཞིན་དུ་ གཏེར་བདག་རྣམ་རྒྱལ་དེ་ པདྨ་དགའ་ཚལ་ལུ་ དོ་དམ་འོག་ལུ་ཡོད་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
དེ་འབདཝ་ལས་ ཁྲིམས་གཏུགས་པ་ཚུ་གིས་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ད་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུད་ཆོད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ པདྨ་ཁྲི་ཚོགས་དང་ མཆོད་རྟེན་ཚེ་རིང་༢ ལུ་ དགོན་པ་གིས་ རྒྱབ་མིའམ་ ངོ་ཚབ་ཀྱི་ དབང་ཚད་སྤྲོད་དེ་མེདཔ་ལས་ རྩོད་གཞི་ཕྱེ་ནིའི་ དབང་ཚད་མེད་ཟེར་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ ཁོང་གིས་ རིན་ཆེན་ཟླ་བ་གི་ མོ་བཱ་ཡེལ་ནང་ པར་རིགས་ཀྱི་ སྒྲུབ་བྱེད་ཡོདཔ་སྦེ་ བཀོད་ཡོད་རུང་ མོ་བཱ་ཡེལ་དེ་ མེད་ཐལ་སོཔ་ལས་ ཁྲིམས་འདུན་ལུ་ སྒྲུབ་བྱེད་གསལ་སྟོན་འབད་མ་ཚུགས་པའི་ཁར་ བསམ་གྲུབ་ལྗོངས་མཁར་གྱི་ མོ་བཱ་ཡེལ་ཉམས་བཅོ་ཁང་གིས་ཡང་ བཅོ་ཐབས་འབད་མ་ཚུགས་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *