ངང་ལམ་ཁྲོམ།

ངང་ལམ་ལུ་ སྡོད་ཁྱིམ་མ་ཐོབ་པའི་ དཀའ་ངལ་ལུ་བརྟེན་ མི་ཚུ་ཟ་ཁང་ཚུ་ནང་ སྡོད་དོ་ཡོདཔ།

༉ སྐྱེས་ལོ་༢༩ ལང་མི་ ཕུན་ཚོགས་དབང་མོ་(མིང་ངོ་མ་མེན)དེ་ སློབ་དཔོན་སློབ་སྦྱོང་མཇུག་བསྡུ་སྟེ་ ལཱ་གཡོག་ཐོབ་པའི་ཤུལ་ལས་ འགོ་དང་པ་ པདྨ་དགའ་ཚལ་ ངང་ལམ་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ གནས་སོར་ཕོག་ནི་དེ་གིས་ སེམས་དགའ་སྤྲོའི་ཐོག་ལས་ དེ་ཁར་སོང་ཡོདཔ་ཨིན་པས།

ཨིན་རུང་ ངང་ལམ་ལུ་ལྷོདཔ་ད་ སྡོད་ཁྱིམ་མ་འཐོབ་པའི་ དཀའ་ངལ་སྦོམ་བྱུང་ཡོདཔ་ལས་ གནས་སྐབས་ཅིག་ ཆ་རོགས་ཚུ་དང་གཅིག་ཁར་ སྡོད་དགོ་ནི་དེ་གིས་ སེམས་ཕམ་བྱུང་ཡོདཔ་བཞིན་དུ་ ད་རེས་ ངང་ལམ་ཁྲོམ་ཁའི་ ཟ་ཁང་ཅིག་གི་ ཉལ་ཁང་ཆུང་ཀུ་ཅིག་ གླ་ཁར་ལེན་ཏེ་སྡོད་ནུག།

ཕུན་ཚོགས་དབང་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལཱ་གཡོག་ཅིག་ ཐོབ་ནི་དེ་གིས་ སེམས་ཁར་དགའ་བ་སྦོམ་ བྱུང་ཡི་ཟེར་ཨིན་རུང་ ངང་ལམ་ལུ་ སྡོད་ཁྱིམ་མ་འཐོབ་པའི་ དཀའ་ངལ་ལུ་བརྟེན་ ལཱ་འབད་ནིའི་སྤྲོ་བ་ཡང་ ཉམས་སོ་ཡི་ཟེར་ཨིནམ་ད་ ད་རེས་ བཞེས་སྒོ་འབད་ནི་ལ་སོགས་པ་ཚུ་ག་ར་ ཉལ་ཁང་ཆུང་ཀུ་དེ་ནང་ འབདཝ་ཨིན་པས།

མོ་གིས་ སླབ་མིའི་ནང་ ཉིན་བསྟར་སློབ་སྟོན་གྱི་ འཆར་གཞི་ལ་སོགས་པ་ཚུ་ག་ར་ ཉལ་ཁང་ཆུང་ཀུ་དེ་ནང་ལས་ འབད་དགོཔ་ལས་ གདོང་ལེན་སྦོམ་བྱུང་དོ་ཡོདཔ་བཞིན་དུ་ ཕམ་སྤུན་ཆ་དང་ ཆ་རོགས་ཚུ་འོང་པའི་སྐབས་ ལཱ་ཁག་བཏངམ་མས་ཟེར་ཨིནམ་ད་ མོ་གིས་ ཟླ་རིམ་གྱི་ཁང་གླ་ དངུལ་ཀྲམ་༥,༠༠༠ རེ་ སྤྲོད་དོ་ཡོདཔ་ཨིན་པས།

མོ་གིས་འབད་བ་ཅིན་ མོ་གི་ཆ་རོགས་ཅིག་ཡང་ ཟ་ཁང་ཅིག་ནང་ ཉལ་ཁང་ཅིག་ གླ་ཁར་ལེན་ཏེ་ སྡོད་ཡོད་རུང་ ཤུལ་ལས་ ཁང་གླ་བཏབ་མ་ཚུགས་པའི་ གདོང་ལེན་བྱུང་ནི་དེ་གིས་ ལཱ་གཡོག་ནང་ལས་ དགོངསམ་ཞུ་འབད་དེ་ འགྱོ་དགོཔ་ཐོན་ཡི་ཟེར་ཨིནམ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ དཀའ་ངལ་སེལ་ཐབས་འབད་ཚུགས་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།

སློབ་གྲྭའི་སློབ་དཔོན་ཅིག་ཨིན་མི་ སུཤ་མ་ཆེ་ཏི་རི་གིས་ སླབ་མིའི་ནང་ ཟ་ཁང་གི་ ཉལ་ཁང་ནང་སྡོད་དེ་ ཟླཝ་༦ ལྷགཔ་ཅིག་ སོང་ཡི་ཟེར་ཨིནམ་ད་ ལཱ་ག་ར་ ཁང་མིག་ཆུང་ཀུ་ཅིག་ནང་ འབད་དགོ་ནི་དེ་གིས་ འཕྲལ་འཕྲལ་སེམས་ཁམས་ཀྱི་ ནད་གཞི་འཐོབ་ནི་བཟུམ་འབད་དོ་ཡོདཔ་ལས་ སློབ་སྟོན་འབད་ནི་ལུ་ཡང་ གནོདཔ་མས་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ ད་རེས་ ཁང་མིག་ཆུང་ཀུ་ཅིག་ལུ་ ཟླ་རིམ་གྱི་ཁང་གླ་ དངུལ་ཀྲམ་༤,༥༠༠ སྤྲོད་དོ་ཡོདཔ་བཞིན་དུ་ ངང་ལམ་ལུ་ སྡོད་ཁྱིམ་མ་འཐོབ་པའི་ དཀའ་ངལ་སྦོམ་ ཡོད་པའི་ཁར་ ཁང་གླ་ཡང་ ཐིམ་ཕུག་བཟུམ་སྦེ་ མཐོ་དྲགས་འདུག་ཟེར་ཨིནམ་ད་ མི་རློབས་ཡང་ ལེ་ཤ་འདུག་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ ལས་ཁུངས་དང་ ལས་སྡེ་གཞན་ཚུ་གི་དོན་ལུ་ ལས་བྱེདཔ་ཚུ་གི་ སྡོད་ཁྱིམ་ཡོདཔ་ལས་ ད་རེས་ ཟ་ཁང་ཚུ་ནང་སྡོད་མི་མང་ཤོས་ར་ སློབ་གྲྭའི་སློབ་དཔོན་ཚུ་ཨིནམ་ད་ སློབ་དཔོན་ཚུ་གི་དོན་ལས་ སྡོད་ཁྱིམ་ཚུ་ལངམ་སྦེ་ བཟོ་སྐྲུན་འབད་ཚུགས་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།

དེ་ལས་ རྒྱལ་གཞུང་ཁྱིམ་བཟོ་གོང་འཕེལ་ལས་འཛིན་ལུ་ སྡོད་ཁྱིམ་བཟོ་སྐྲུན་འབད་ནིའི་དོན་ལས་ ས་ཆ་ཚུ་ཡང་སྤྲོད་དེ་ ལོ་༢ ལྷགཔ་ཅིག་ ལང་ཡོད་པའི་ ལོ་རྒྱུས་གོཝ་ལས་ ད་ལྟོ་ཚུ་ཡང་ བཟོ་སྐྲུན་འབད་མ་ཚུགས་མི་དེ་ ག་ཅི་ལུ་བརྟེན་ཨིན་ན་ ཤེས་རྟོགས་བྱུང་མ་ཚུགས་ཟེར་ཨིནམ་ད་ བཞེས་སྒོ་ལ་སོགས་པ་འབད་མི་ལུ་བརྟེན་ ཉལ་ཁང་མེདཔ་བཏངམ་མས་ཟེར་སླབ་སྟེ་ ཟ་ཁང་གི་ ཇོ་བདག་ལ་ལོ་ཅིག་གིས་ གླ་ཁར་ཡང་ བྱིན་མི་བཏུབ་པས་ཟེར་ཨིན་པས།

དེ་བཟུམ་སྦེ་ བསོད་ནམས་ཡེ་ཤེས་ཀྱིས་ སླབ་མིའི་ནང་ ངང་ལམ་ལུ་ལྷོད་དེ་ ལོ་༢ ལྷགཔ་ཅིག་ སོང་ཡི་ཟེར་ཨིནམ་ད་ ཧེ་མ་ཆ་རོགས་ཚུ་དང་གཅིག་ཁར་སྡོད་དེ་ སྡོད་ཁྱིམ་འཚོལ་རུང་ འཚོལ་མ་འཐོབ་པའི་ཁར་ ཆ་རོགས་ཚུ་དང་གཅིག་ཁར་ ཡུན་རིང་སྦེ་ སྡོད་མ་ཚུགསཔ་ལས་ ཁང་གླ་དངུལ་ཀྲམ་༦,༠༠༠ རེ་སྦེ་ ཟ་ཁང་ནང་ ཉལ་ཁང་ཅིག་ལེན་ཐོག་ལས་ སྡོད་ཅི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཕམ་སྤུན་ཆ་ཚུ་འོང་པའི་སྐབས་ གདོང་ལེན་བྱུངམ་མས་ཟེར་ ཨིནམ་བཞིན་དུ་ དུས་ཐེབས་བཏོན་ཏེ་ སློབ་ཕྲུག་ཚུ་ལུ་ སློབ་སྟོན་ཚུ་ཡང་ འབད་མི་ཚུགས་དོ་ཡོདཔ་ལས་ སློབ་གྲྭའི་ནང་ར་ སྡོད་ཁྱིམ་གྱི་ མཐུན་རྐྱེན་ཚུ་ཡོད་པ་ཅིན་ ཕན་ཐོགས་ཆེ་ནི་མས་ཟེར་ཨིན་པས།

ཀུན་གསལ་གྱིས་ ཤེས་རྟོགས་བྱུང་དོ་བཟུམ་འབད་བ་ཅིན་ འཆར་གཞི་༡༢ པའི་ནང་ ངང་ལམ་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ སློབ་དཔོན་ཚུ་གི་ སྡོད་ཁྱིམ་ཚུ་རྐྱབ་ནིའི་ འཆར་གཞི་ཡོད་མི་ལུ་བརྟེན་ དཀའ་ངལ་དེ་ཚུ་ བསལ་ཚུགས་པའི་ གོ་སྐབས་ཡོདཔ་ཨིན་པས།

ངང་ལམ་དྲུང་ཁག་གི་ བཟོ་རིག་འགོ་དཔོན་ བསམ་གཏན་ཆོས་གྲུབ་ཀྱིས་ སླབ་མིའི་ནང་ དྲུང་ཁག་ནང་ ས་ཆ་མེད་རུང་ ངང་ལམ་ལུ་ སྡོད་ཁྱིམ་གྱི་ དཀའ་ངལ་སེལ་ཐབས་ལུ་དམིགས་ཏེ་ དྲུང་ཁག་གིས་ ས་ཆ་ཨེ་ཀར་༢.༥ ངོས་འཛིན་འབད་དེ་ ཁྲམ་ཡང་ ཁྱིམ་བཟོ་གོང་འཕེལ་ལས་འཛིན་ལུ་ སྤྲོད་ཅི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ད་རེས་ ལས་འཛིན་ལུ་ ས་ཆ་སྤྲོད་དེ་ ལོ་༢ དེ་ཅིག་ ལང་ནི་འབད་རུང་ ག་ནི་ཡང་ འབད་ནི་མེདཔ་ལས་ དྲུང་ཁག་གིས་ ཚར་༢ དེ་ཅིག་ ཡི་གུ་བསྐྱལ་ཡོདཔ་བཞིན་དུ་ ཁོང་གིས་ ཕུན་ཚོགས་གླིང་གི་ ལས་འགུལ་དེ་ མཇུག་བསྡུ་ཞིནམ་ལས་ ངང་ལམ་ལུ་ གཙོ་རིམ་བྱིན་ནི་སྦེ་ སླབ་དེས་ཟེར་ཨིན་རུང་ ད་ལྟོ་ཚུན་ ག་ཅི་ཡང་ འབད་ནི་མིན་འདུག་ཟེར་ཨིན་པས།

རྒྱལ་གཞུང་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ བཀོད་ཁྱིབ་གཙོ་འཛིན་འགོ་དཔོན་ འཕྲིན་ལས་རྡོ་རྗེ་གིས་ སླབ་མིའི་ནང་ ཕུན་ཚོགས་གླིང་གི་ ལས་འགུལ་དེ་ མཇུག་བསྡུ་ཡོདཔ་བཞིན་དུ་ ད་རུང་ ལས་འགུལ་གཞན་ཚུ་ལུ་ ལཱ་འབད་དོ་ཡོདཔ་ལས་ ངང་ལམ་གྱི་ ལས་འགུལ་དེ་ ད་རེས་ཀྱི་ ལོ་མཇུག་ལུ་དང་ ཡང་ཅིན་ སང་ཕོད་སྤྱི་ཟླ་༡ པ་དང་༢ པའི་ནང་ འགོ་བཙུགས་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། ངང་ལམ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *