ངང་ལམ་ལུ་ དུས་མིན་བཙག་འཐུའི་དོན་ལས་ འགྲུལ་སྐྱོད་ཚོགས་རྒྱན་ཞབས་ཏོག་སྤྲོད་ནི་འགོ་བཙུགས་ཡོདཔ།

༉ པདྨ་དགའ་ཚལ་ ངང་ལམ་ཁྲོམ་ཁར་ འགྲོ་འགྲུལ་བཀག་དམ་ལུ་བརྟེན་ མི་ཚུ་ འགྲོ་འགྲུལ་འབད་མ་ཆོགཔ་ལས་ སྤྱི་ཟླ་༦ པའི་ཚེས་༢༤ ལས་ ངོས་ལེན་འགོ་དཔོན་ཡིག་ཚང་གིས་ ངང་ལམ་འདེམས་ཁོངས་ཀྱི་ རྒྱལ་ཡོངས་ཚོགས་འདུའི་ དུས་མིན་བཙག་འཐུའི་དོན་ལུ་ ཁྱིམ་སྒོ་བཤལ་ཏེ་ འགྲུལ་སྐྱོད་ཚོགས་རྒྱན་ཞབས་ཏོག་སྤྲོད་ནི་ འགོ་བཙུགས་ཡི།

ངོས་ལེན་འགོ་དཔོན་ཡིག་ཚང་གིས་ ཏཱན་ཟ་མ་དང་ ས་ཚ་ལོ་བརྩིས་ཏེ་ ངང་ལམ་ཁྲོམ་ཁར་ ཁྱིམ་སྒོ་བཤལ་སྟེ་ རྒྱན་ཤོག་ཚོགས་རྒྱན་གྱི་ ཞབས་ཏོག་བྱིན་དོ་ཡོདཔ་མ་ཚད་ སྐྱེས་ལོ་༦༥ ཡན་ཆད་དང་ དབང་པོ་སྐྱོན་ཅན་འབད་མི་ཚུ་ལུ་ འཕྲུལ་ཆས་ཨི་བི་ཨེམ་གྱི་ འགྲུལ་སྐྱོད་ཚོགས་རྒྱན་ཞབས་ཏོག་ བྱིན་དོ་ཡོདཔ་ཨིན་པས།

གནམ་བྱཱར་ཆརཔ་མ་ཆད་པར་ རྐྱབ་མི་ལུ་བརྟེན་ འཁོར་ལམ་ཚུ་ བསུབས་ནི་དེ་གིས་ མི་ཚུ་ འགྲོ་འགྲུལ་འབད་ནི་ལུ་ གདོང་ལེན་བྱུང་དོ་ཡོདཔ་ལས་ ངོས་ལེན་འགོ་དཔོན་ཡིག་ཚང་གིས་ འདེམས་ཁོངས་ནང་ ཚོགས་རྒྱན་བཙུགས་མི་༡༠༠ ལས་ ཉུང་ཤོས་ཡོད་མི་ མཐའ་ཟུར་གཡུས་ཚན་ཚུ་ནང་ཡང་ འགྲུལ་སྐྱོད་ཚོགས་རྒྱན་གྱི་ ཞབས་ཏོག་སྤྲོད་ནི་ཨིན་པས།

འགྲུལ་སྐྱོད་ཚོགས་རྒྱན་དེ་ ད་རིས་ཚུན་ བྱིན་ནི་ཨིནམ་བཞིན་དུ་ ཚོགས་རྒྱན་ཞབས་ཏོག་དེ་ སྤྱི་ཟླ་༦ པའི་ཚེས་༢༡ ལས་༢༥ ཚུན་བྱིན་ནིའི་ འཆར་གཞི་ཡོད་རུང་ འགྲོ་འགྲུལ་བཀག་དམ་ལུ་བརྟེན་ ལག་ལེན་འཐབ་མ་ཚུགསཔ་ཨིན་པས།

སྤྱི་ཟླ་༦ པའི་ཚེས་༢༤ ལུ་ ངོས་ལེན་འགོ་དཔོན་ཡིག་ཚང་གིས་ ཨེན་ཊི་ཇཱན་བརྟག་དཔྱད་འབད་དེ་ སྲུང་རྒྱབཔ་ཚུ་བརྩིས་ཏེ་ ཚོགས་རྒྱན་འགོ་དཔོན་༢༠ ལྷགཔ་ཅིག་ ས་ཁོངས་ཚུ་ནང་ བཏང་ཡོདཔ་བཞིན་དུ་ འགོ་དཔོན་ཚུ་གིས་ འགྲུལ་སྐྱོད་ཚོགས་རྒྱན་དེ་ ཀོ་བིཌ་-༡༩ ཉེན་སྲུང་གི་ སྒྲིག་གཞི་དང་འཁྲིལ་ རང་སྲུང་ཐོག་ ལག་ལེན་འཐབ་ནི་ཨིན་པས།

ཚོགས་རྒྱན་འགོ་དཔོན་ཚུ་ ས་ཁོངས་ཚུ་ནང་ མ་གཏང་པའི་ཧེ་མར་ ངོས་ལེན་དང་ གསོ་བའི་འགོ་དཔོན་ཚུ་གིས་ ཀོ་བིཌ་-༡༩ འི་ ཉེན་སྲུང་གི་ སྒྲིག་གཞི་ཚུ་གི་སྐོར་ གོ་བརྡ་སྤྲོད་ཡོདཔ་བཞིན་དུ་ འགྲུལ་སྐྱོད་ཚོགས་རྒྱན་ལག་ལེན་སྐབས་ ག་དེམ་ཅིག་སྦེ་ སྒྲིག་གཞི་ཚུ་དང་འགལ་བ་ཅིན་ འབྲེལ་ཡོད་འགོ་དཔོན་ཚུ་ལུ་ འགན་འཁྲི་བཀལ་ནི་ཟེར་ ངོས་ལེན་འགོ་དཔོན་ བསོད་ནམས་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།

བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ངོས་ལེན་འགོ་དཔོན་ཡིག་ཚང་གིས་ དྲུང་ཁག་གི་ རྒེད་འོག་༣ ནང་ ཚོགས་རྒྱན་འགོ་དཔོན་སྡེ་ཚན་༣ དང་ ཏཱན་ཟ་མ་དང་ ས་ཚ་ལོ་གཡུས་ཚན་ཚུ་བརྩིས་ཏེ་ ངང་ལམ་ཁྲོམ་ཁར་ སྡེ་ཚན་༣ བཏང་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ འགྲོ་འགྲུལ་བཀག་དམ་ལུ་བརྟེན་ རྒེད་འོག་༣ ཀྱི་ ཚོགས་རྒྱན་བཙུགས་མི་ ངང་ལམ་ལུ་ ཐོགས་ལུས་མི་ཚུ་གིས་ ཁོང་རའི་ ཚོགས་རྒྱན་ས་ཁོངས་ཚུ་ནང་ ཚོགས་རྒྱན་བཙུགས་པར་ འགྱོ་མི་ཚུགས་ནི་ཨིནམ་ལས་ ཡིག་ཚང་གིས་ ཁོང་ཆ་ཁྱབ་ལུ་ཡང་ འགྲུལ་སྐྱོད་ཚོགས་རྒྱན་ཞབས་ཏོག་ བྱིན་དོ་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ འགྲུལ་སྐྱོད་ཚོགས་རྒྱན་ཞབས་ཏོག་དེ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཕུན་ཚོགས་གླིང་ལུ་ བཙག་འཐུའི་སྐབས་ ལག་ལེན་འཐབ་ནི་དེ་གིས་ བྱ་སྒོའི་ལམ་ལུགས་ཚུ་ ལེགས་ཤོམ་སྦེ་ གཞི་བཙུགས་འབད་ཡོདཔ་ལས་ ལག་ལེན་ནི་ལུ་ གདོང་ལེན་ཚུ་ ག་ནི་ཡང་ མ་བྱུང་ཟེར་ཨིན་པས།

ཚོགས་རྒྱན་སྡེ་ཚན་དང་པ་གིས་ ཡང་མ་ལ་ཤིང་དང་ ཡར་རྒྱས་འུང་ དེ་ལས་ ཨར་དཱན་གཡུས་ཚན་ཚུ་ནང་ ཨི་བི་ཨེམ་གྱི་ འགྲུལ་སྐྱོད་ཚོགས་རྒྱན་ཞབས་ཏོག་ བྱིན་ནི་ཨིནམ་མ་ཚད་ སྡེ་ཚན་དེ་གིས་ ཆོས་འཁོར་གླིང་རྒེད་འོག་ནང་ སྐྱེས་ལོ་༦༥ ཡན་ཆད་དང་ དབང་པོ་སྐྱོན་ཅན་ཚུ་ལུ་ཡང་ ཞབས་ཏོག་དེ་ བྱིན་ནི་ཨིན་པས།

སྡེ་ཚན་༢ པ་གིས་ འཕྲུལ་ཨི་བི་ཨེམ་གྱི་ འགྲུལ་སྐྱོད་ཚོགས་རྒྱན་དེ་ རྣམ་དག་གླིང་གི་ མི་ཚུ་དང་ བདེ་ཆེན་གླིང་རྒེད་འོག་གི་ སྐྱེས་ལོ་༦༥ ཡན་ཆད་དང་ དབང་པོ་སྐྱོན་ཅན་ཚུ་ལུ་ བྱིན་ནི་ཨིནམ་ད་ སྡེ་ཚན་༣ པ་གིས་ བོ་རང་མོ་ ག་ཤ་རི་ སྨན་ཆུ་ ནེང་ཤིང་བོ་རང་ པདྨ་ཐང་ ཚལ་ཤིང་ཟོར་དང་ ནོར་བུ་སྒང་རྒེད་འོག་གི་ སྐྱེས་ལོ་༦༥ ཡན་ཆད་དང་ དབང་པོ་སྐྱོན་ཅན་ལུ་ བྱིན་ནི་ཨིན་པས།

ངོས་ལེན་འགོ་དཔོན་ཡིག་ཚང་གིས་ འགྲུལ་སྐྱོད་ཞབས་ཏོག་གི་དོན་ལུ་ སྐྱེས་ལོ་༦༥ ཡན་ཆད་འབད་མི་དང་ དབང་པོ་སྐྱོན་ཅན་༢༠༣ དེ་ཅིག་གིས་ ཐོ་བཀོད་འབད་ཡོདཔ་བཞིན་དུ་ ཕྱི་རྒྱལ་སྡོད་མི་ཚུ་ལུ་ འགྲེམ་ཐོག་ཚོགས་རྒྱན་༣༩ སྤྲོད་ཡོདཔ་ད་ རྒྱལ་ཁབ་ནང་འཁོད་ལུ་ མི་གྲངས་༢,༦༦༩ དེ་ཅིག་གིས་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཐོ་བཀོད་འབད་ཡོད་རུང་ མི་༤ ལུ་ ཁ་བྱང་གཏན་འཁེལ་མེདཔ་ལས་ མི་༢,༦༦༥ ལུ་ སྤྲོད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ འགྲུལ་སྐྱོད་ཚོགས་རྒྱན་སྐབས་ འདེམས་ངོ་༢ ཀྱིས་ཡང་ སྒོ་བཤལ་སྐུལ་བསྒྲགས་མི་འབད་ནིའི་ ཁས་ལེན་འབད་མི་དང་འཁྲིལ་ སྤྱི་ཟླ་༦ པའི་ཚེས་༡༩ ལས་ སྐུལ་བསྒྲགས་བཤོལ་བཞག་འབད་ཡོདཔ་བཞིན་དུ་ ངང་ལམ་འདེམས་ཁོངས་ནང་ ཐོ་བཀོད་འབད་མི་ འོས་ལྡན་གྱི་ ཚོགས་རྒྱན་བཙུགས་མི་༧,༤༢༦ དེ་ཅིག་ ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། ངང་ལམ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *