ངང་ལམ་ལུ་སྒྲ་དབྱངས་ཁང་གཞི་བཙུགས་འབད་ནི་དེ་ མཚམས་འཇོག་འབད་ཡོདཔ།

༉ པདྨ་དགའ་ཚལ་ངང་ལམ་ལུ་ སྲུང་སྐྱོབ་ཀྱི་ དཀའ་ངལ་དང་ ཁྲོམ་གྱི་འཆར་གཞི་ མཐའ་བཅད་མ་བཟོ་བར་ཡོད་མི་ལུ་བརྟེན་ དྲུང་པ་དང་ མི་སྡེ་འགོ་ཁྲིདཔ་ ཁྲིམས་སྲུང་འགག་སྡེ་ དེ་ལས་ ཁྲོམ་སྡེའི་འཐུས་མི་ཚུ་མཉམ་འབྲེལ་ཐོག་ལས་ ངང་ལམ་ཁྲོམ་ཁར་ སྤྲོ་སྟོན་ཁང་ སྒྲ་དབྱངས་ཁང་ ཀཱ་རོ་ཀི་ དེ་ལས་ ཌིས་ཀོ་ཐེག་ཚུ་ གཞི་བཙུགས་འབད་ནི་ལུ་ གནས་སྐབས་ཅིག་ མཚམས་འཇོག་སྦེ་ བཞག་དགོཔ་སྦེ་ གྲོས་ཐག་བཅད་ནུག།
དེ་ཡང་ ངང་ལམ་ཁྲོམ་གྱི་ལས་དྲུང་ ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ སྤྲོ་སྟོན་ཁང་གཞི་བཙུགས་འབད་ནིའི་དོན་ལུ་ དྲུང་ཁག་ནང་ གྲོས་འཆར་བཙུགས་མི་༤ ལྷོད་ཡོདཔ་ལས་ སྤྱི་ཟླ་༩ པའི་ཚེས་༣༠ ལུ་ གྲོས་ཐག་བཅད་ཅི་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཚོགས་ཆུང་གིས་ གནས་སྐབས་ཅིག་གི་དོན་ལུ་ མཚམས་འཇོག་འབད་བཞགཔ་མ་གཏོགས་ རྩ་བརྟན་ལས་ར་ གཞི་བཙུགས་འབད་མ་ཆོགཔ་སྦེ་ བཀག་ཆ་མ་འབད་ཟེར་ཨིན་པས།
ཞལ་འཛོམས་ཀྱི་ གྲོས་གཞི་དང་འཁྲིལཝ་ད་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་གྱིས་ འཕྲལ་ཁམས་ཅིག་ཁར་ ངང་ལམ་ལུ་ སྤྲོ་སྟོན་ཁང་ གཞི་བཙུགས་འབད་ནི་ལུ་ གནས་སྐབས་ཅིག་ མཚམས་འཇོག་འབད་ བཞག་ཡོད་པའི་སྐོར་ལས་ གནད་དོན་བྱུང་མི་ལུ་བརྟེན་ འཐུས་མི་ཚུ་གིས་ གྲོས་བསྡུར་འབད་ཡི་ཟེར་ཨིན་པས།
ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ ད་ལྟོའི་ ཁྲོམ་གྱི་ས་གནས་ནང་སྡོད་མི་ མི་སེར་དང་ ཚོང་པ་ མང་ཤོས་ར་ གནས་སྐབས་ཀྱི་ ཁྱིམ་ཚུ་ནང་ སྡོད་དོ་ཡོདཔ་ལས་ སྤྲོ་སྟོན་ཁང་ གཞི་བཙུགས་འབད་ནི་ལུ་ འོས་འབབ་མེད་པའི་ཁར་ སྲུང་སྐྱོབ་ཀྱི་ དཀའ་ངལ་དེ་ བཀག་འཛིན་འབད་ཞིནམ་ལས་ གཞི་བཙུགས་འབད་ནི་ཟེར་ཨིན་པས།
ཁྲོམ་གསརཔ་དེ་ ས་གནས་ག་ཏེ་ལུ་ གཞིས་ཆགས་འབད་ནི་ཨིན་ན་ གྲོས་ཐག་བཅད་མ་ཚུགས་པར་ཡོདཔ་ད་ ཁྲོམ་གྱི་འཐུས་མི་ མང་ཤོས་ཅིག་གིས་ འབད་བ་ཅིན་ སྤྲོ་སྟོན་ཁང་ གཞི་བཙུགས་ནི་དེ་ ཁྲོམ་གོང་འཕེལ་འཆར་གཞི་དང་འཁྲིལཝ་ད་ ཧ་དྲག་པས་ཟེར་ཨིན་པས།
འཐུས་མི་ཚུ་གིས་ སྤྲོ་སྟོན་ཁང་གཞི་བཙུགས་ཀྱི་ལས་རིམ་ བཤོལ་འགྱངས་འབད་མི་དེ་ གཙོ་བོ་ར་ ངང་ལམ་ཁྲོམ་ གོང་འཕེལ་གཏང་ནིའི་ འཆར་གཞི་ཡོད་མི་ལུ་བརྟེན་ཨིན་པས།
ཆོས་འཁོར་གླིང་དང་ ནོར་བུ་སྒང་ དེ་ལས་ བདེ་ཆེན་གླིང་རྒེད་འོག་༣ གྱི་ རྒཔོ་ཚུ་གིས་ འབད་བ་ཅིན་ ཁྲོམ་གོང་འཕེལ་གཏང་ནིའི་ ལས་སྣ་ཚུ་ ད་ལྟོ་ འགོ་བཙུགས་པའི་བསྒང་འབདཝ་ལས་ སྤྲོ་སྟོན་ཁང་ གཞི་བཙུགས་འབད་ནི་ལུ་ འོས་འབབ་མིན་འདུག་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ གནད་དོན་དེ་ རྫོང་ཁག་ཚོགས་འདུའི་ནང་ཡང་ གྲོས་བསྟུན་འབད་ཡོད་རུང་ གནས་སྐབས་ཅིག་ གཞི་བཙུགས་མི་འབད་ནི་སྦེ་ གྲོས་ཐག་བཅད་ཅི་ཟེར་ཨིན་པས།
སྤྲོ་སྟོན་ཁང་ གཞི་བཙུགས་འབད་མི་གིས་ ན་གཞོན་དག་པ་ཅིག་ལུ་ ལཱ་གཡོག་གི་གོ་སྐབས་ སྤྲོད་ཚུགས་ནི་ཨིན་རུང་ འདས་པའི་ཉམས་མྱོང་དང་འཁྲིལཝ་ད་ ཕན་གནོད་གཉིས་ཆ་ར་ འབྱུང་སྲིད་ནི་ཨིནམ་ལས་ དབྱེ་ཞིབ་འབད་དགོཔ་འདུག་ཟེར་ཨིན་པས།
ཚོགས་ཆུང་གི་ གྲོས་གཞི་ནང་ ད་ལྟོའི་ གནས་སྟངས་དང་འཁྲིལཝ་ད་ སྤྲོ་སྟོན་ཁང་ གཞི་བཙུགས་འབད་ནི་དེ་ གནས་སྟངས་ལེགས་ཤོམ་ཅིག་ མེན་པའི་ངོས་འཛིན་ལུ་ སྤྱི་མཐུན་ཐོག་ལས་ གནས་སྐབས་ཅིག་ བཤོལ་བཞག་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *