པདྨ་དགའ་ཚལ་གྱི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་ བཙག་འཐུ་གྲུབ་མི་ ཆོས་ཉིད་རྡོ་རྗེ།

ངང་ལམ་ལས་ འདེམས་ངོ་ཕུད་རྡོག་གཅིག་ལས་བརྒལ་མེདཔ་ལས་ བཙག་འཐུ་འགྲུབ་ནི་ལུ་ཕན་ཁྱད།

༉ པདྨ་དགའ་ཚལ་གྱི་ འདེམས་ཁོངས་༢ ནང་ འདེམས་ངོ་༢ རེ་ཡོད་རུང་ ངང་ལམ་འདེམས་ཁོངས་ལས་ འདེམས་ངོ་ཆོས་ཉིད་རྡོ་རྗེ་༡ ལས་བརྒལ་མེད་མི་ལུ་བརྟེན་ རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་ བཙག་འཐུ་འགྲུབ་ནི་ལུ་ ཕན་ཐོགས་བྱུང་ཡོདཔ་ཨིན་པས།
རྫོང་ཁག་ནང་ ཤུ་མར་རྒེད་འོག་གི་ཤུལ་ལས་ ངང་ལམ་དྲུང་ཁག་ བདེ་ཆེན་གླིང་རྒེད་འོག་ནང་ འོས་ལྡན་གྱི་ ཚོགས་རྒྱན་བཙུགས་མི་ ཐོ་བཀོད་འབད་ཡོད་མི་དེ་ མཐོ་ཤོས་༢ པ་ཨིན་པས།
ཁྲིམས་ཀྱི་རྒྱབ་ཁུངས་ཡོད་མི་ ཆོས་ཉིད་རྡོ་རྗེ་གིས་ ངང་ལམ་འདེམས་ཁོངས་ལས་ འཕྲུལ་ཆས་ཚོགས་རྒྱན་༢,༡༢༧ ཐོབ་ཡོད་རུང་ མཁར་-གཡུ་རུང་འདེམས་ཁོངས་ལས་ ཚོགས་རྒྱན་༡༣༡ དང་ ན་ནོང་-ཤུ་མར་འདེམས་ཁོངས་ཀྱི་ ཚོགས་རྒྱན་ས་ཁོངས་ཚུ་ལས་ ཚོགས་རྒྱན་༨༢ ལས་བརྒལ་ ཐོབ་མ་ཚུགས་པས།
ཁོ་གིས་ བདེ་ཆེན་གླིང་དང་ ནོར་བུ་སྒང་ དེ་ལས་ ཆོས་འཁོར་གླིང་རྒེད་འོག་༣ ལས་ ཚོགས་རྒྱན་མཐོ་ཤོས་ཐོབ་ཡོདཔ་ལས་ འདེམས་ཁོངས་ནང་ ཚོགས་རྒྱན་བསྡོམས་བཙུགས་ཡོད་མི་ལས་ བརྒྱ་ཆ་༧༠ ལྷགཔ་ཅིག་ ཐོབ་ཡོདཔ་ད་ རྫོང་ཁག་ནང་ ཚོགས་སྡེའི་འདེམས་ངོ་༥ གིས་ དོ་འགྲན་འབད་ཡི།
ཆོས་ཉིད་རྡོ་རྗེ་གིས་ སླབ་མིའི་ནང་ པདྨ་དགའ་ཚལ་གྱི་ མི་ཚུ་གིས་ རྒྱལ་ཡོངས་ཚོགས་སྡེའི་ ངོ་ཚབ་སྦེ་ བཙག་འཐུ་འབད་མི་ལུ་ སེམས་དགའ་ཡི་ཟེར་ཨིནམ་ད་ འགན་ཁུར་སྦོམ་ཨིནམ་ལས་ ཁོ་རའི་ཁས་བླངས་དང་ མི་ཚུ་གི་ རེ་འདོད་འགྲུབ་ནིའི་དོན་ལུ་ རྩ་འགེངས་ཏེ་ ཕྱག་ཞུ་ནི་ཟེར་ཨིན་པས།
བཙག་འཐུ་གྲུབ་མི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་དེ་གིས་ མངོན་མཐོ་ཁྲིམས་འདུན་དང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ དེ་ལས་ འབྲུག་རྒྱུ་ནོར་གཞི་བཟུང་དང་ བཟོ་སྐྲུན་གོང་འཕེལ་ལས་འཛིན་ནང་ ཁྲིམས་དོན་འགོ་དཔོན་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
མིང་གསང་བཞག་མི་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ ངང་ལམ་འདེམས་ཁོངས་ལས་ འདེམས་ངོ་གཅིག་ལས་བརྒལ་ མེད་མི་ལུ་བརྟེན་ དྲུང་ཁག་གི་ རྒེད་འོག་༣ ལས་ ཚོགས་རྒྱན་འཐོབ་ནིའི་ ཁེ་ཕན་སྦོམ་སྡོདཔ་ལས་ ཆོས་ཉིད་རྡོ་རྗེ་དེ་ བཙག་འཐུ་འགྲུབ་ནི་ཨིནམ་ ཧེ་མ་ལས་ ཤེས་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྫོང་ཁག་ནང་ ན་ནོང་-ཤུ་མར་འདེམས་ཁོངས་ནང་ འོས་ལྡན་གྱི་ ཚོགས་རྒྱན་བཙུགས་མི་ ཐོ་བཀོད་འབད་མི་དེ་ མཐོ་ཤོས་ཨིནམ་ད་ འདེམས་ངོ་༢ ལས་༡ གིས་ རྒྱབ་བཤུད་རྐྱབ་ཡོད་པ་ཅིན་ ངེས་པར་དུ་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་ བཙག་འཐུ་འགྲུབ་གྲུབ་འོང་ཟེར་ཨིན་པས།
པདྨ་དགའ་ཚལ་ལུ་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༥,༨༧༦ ཐོབ་མི་ལས་༢༩༡ ཆ་མེད་བཏང་ཡོདཔ་ད་ ཆོས་ཉིད་རྡོ་རྗེ་གིས་ འགྲེམ་ཐོག་ཚོགས་རྒྱན་༡,༥༠༦ ཐོབ་མི་དེ་ མཐོ་ཤོས་ཨིནམ་བཞིན་དུ་ རྫོང་ཁག་ནང་ ཚོགས་རྒྱན་འཕྲུལ་ཆས་ཐོག་ལས་ མི་གྲངས་༧,༡༤༧ གྱིས་ བཙུགས་མི་ལས་ ཁོ་གིས་ ཚོགས་རྒྱན་༢,༣༤༠ ཐོབ་མི་དེ་ཡང་ མཐོ་ཤོས་ཨིནམ་ད་ ཁོ་གིས་ ཚོགས་རྒྱན་བསྡོམས་༣,༨༤༦ ཐོབ་ནུག།
ཁོ་གི་འོག་ལས་ ན་ནོང་རྒེད་འོག་ལས་ བསོད་ནམས་དོན་གྲུབ་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་༡,༤༦༨ དང་ འཕྲུལ་ཆས་ཚོགས་རྒྱན་༢,༡༡༥ འབདཝ་ད་ ཚོགས་རྒྱན་བསྡོམས་༣,༥༨༣ ཐོབ་ཡོདཔ་ལས་ བཙག་འཐུ་གྲུབ་མི་དང་ཕྱདཔ་ད་ ཚོགས་རྒྱན་༢༦༣ གྱིས་ ཁྱད་པར་ཞུགས་ནུག།
དེ་ལས་ ཨང་གསུམ་པའི་ནང་ ཤེས་རིག་ལྡན་ཚོགས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་༩༣༨ དང་ འཕྲུལ་ཆས་ཚོགས་རྒྱན་༡,༡༩༥ ཐོབ་ཡོདཔ་ད་ སངས་རྒྱས་དབང་ཕྱུག་གིས་ ཤེས་རིག་ལྡན་ཚོགས་དང་ཕྱདཔ་ འགྲེམ་ཐོག་ཚོགས་རྒྱན་༡,༠༦༡ ཐོབ་ཡོད་རུང་ འཕྲུལ་ཆས་ཚོགས་རྒྱན་༧༦༠ ལས་བརྒལ་ ཐོབ་མ་ཚུགས་པས།
འགྲེམ་ཐོག་དང་ འཕྲུལ་ཆས་ཚོགས་རྒྱན་གཉིས་ཆ་རའི་ནང་ རྒྱ་མཚོ་གིས་ ཉུང་སུ་ཐོབ་མིདེ་ཡང་ འགྲེམ་ཐོག་ཚོགས་རྒྱན་༦༡༢ དང་ འཕྲུལ་ཆས་ཚོགས་རྒྱན་༧༣༧ རྐྱངམ་གཅིག་ཐོབ་ནུག།
རྫོང་ཁག་ནང་ འོས་ལྡན་གྱི་ ཚོགས་རྒྱན་བཙུགས་མི་༢༥,༦༡༩ ཐོ་བཀོད་འབད་མི་ལས་ ཚོགས་རྒྱན་གྱི་ཉིན་མར་ མི་༡༢,༧༣༢ ཚོགས་རྒྱན་བཙུགས་ཡོད་མི་དེ་ བརྒྱ་ཆ་ལས་འབད་བ་ཅིན་ བརྒྱ་ཆ་༤༨ དེ་ཅིག་ ཨིན་པའི་གནས་ཚུལ།

པདྨ་དགའ་ཚལ་ལས་ སྐལ་བཟང་དབང་ཕྱུག།

 

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *