ཁ་ཙ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་གིས་གཙོས་པའི་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གིས་ པདྨ་དགའ་ཚལ་ ངང་ལམ་འདེམས་ཁོངས་ཀྱི་འཐུས་མི་ ཚེ་འདས་ཆོས་གྲགས་རྒྱ་མཚོ་གི་དོན་ལུ་ སེམས་རྟོགས་ཁ་རྫོང་ནང་སྦེ་ དཀར་མེ་སྟོང་མཆོད་དང་ བསྔོ་སྨོན་ཚུ་ ཕུལ་ཡོད་པའི་གནས་ཚུལ།

ངང་ལམ་གྱི་ སྤྱི་ཚོགས་འཐུས་མི་གྱོངས་ཡོདཔ།

༉ པདྨ་དགའ་ཚལ་ངང་ལམ་ལས་ སྤྱི་ཚོགས་ཀྱི་འཐུས་མི་ ཆོས་གྲགས་རྒྱ་མཚོ་དེ་ སྤྱི་ཟླ་༤ པའི་ཚེས་༡༨ ཀྱི་ནུབ་མོར་ དབང་འདུས་ཕོ་བྲང་སྦས་གླང་བྲག་ལུ་ ཚལ་མ་ནང་གི་ ཚོད་བསྲེའི་རིགས་ཅིག་ ཚོདམ་བཙོ་སྟེ་ བཟའ་བའི་ཤུལ་ལས་ གྱོངས་སོཔ་ཨིན་པས།

ཚེ་འདས་འཐུས་མི་དང་གཅིག་ཁར་ སྐྱེས་ལོ་༣༣ དང་༤༤ ལང་མི་ ཕོ་སྐྱེས་༢ བ་འཇོ་སྨན་ཁང་ནང་ གནས་སྟངས་ལེགས་ལྡན་ཐོག་ལུ་ཡོདཔ་ཨིན་པས།

འབྲུག་ཕུན་སུམ་ཚོགས་པའི་ སྤྱི་ཚོགས་ཀྱི་ འཐུས་མི་དེ་ རེས་གཟའ་ཉི་མ་ལུ་ ཁོ་རའི་ཉེ་ཚན་དང་གཅིག་ཁར་ སྦས་གླང་བྲག་ལུ་ སོང་ཡོདཔ་ད་ ས་གནས་དེ་ཁར་ལྷོདཔ་ད་ ཁོ་རའི་ ཉེ་ཚན་གཞན་ཅིག་དང་ཕྱད་དེ་ གནས་སྐོར་ལུ་ སོང་ཡོདཔ་ཨིན་པས།

ཁོང་༣ གྱིས་ སྦས་གླང་བྲག་གནས་ལུ་ དེ་ཚེ་ཕྱི་རུའི་ཆུ་ཚོད་༨ དེ་ཅིག་ཁར་ སྔོ་ཚལ་གྱི་ འདབ་མ་ཚུ་ ཚོདམ་བཙོ་སྟེ་ བཟའ་ཡོདཔ་ད་ གནས་དེ་ ཉེ་འདབས་ཀྱི་ འཁོར་ལམ་ལས་ཡར་ དུས་ཡུན་ཆུ་ཚོད་༡ དེ་ཅིག་ ལམ་འགྱོ་དགོ་པའི་ས་ཁར་ ཆགས་ཏེ་ཡོདཔ་ཨིན་པས།

ཁོང་༣ བཞེས་སྒོ་བཟའ་ཚར་བའི་ཤུལ་ལུ་ ཁམས་ཕོག་རྐྱབ་ མགུ་འཁོར་ནི་ དེ་ལས་ ཁ་ལས་བསྐྱུག་ནི་ འགོ་བཙུགས་ཡོདཔ་ད་ འཐུས་མི་དང་ སྐྱེས་ལོ་༤༤ ལང་མི་དེ་ དབུགས་གཏོང་ལེན་གྱི་ དཀའ་ངལ་བྱུང་ནུག་ཟེར་ཨིན་པས།

འཐུས་མི་དེ་གི་ ཉེ་ཚན་ཅིག་གིས་ ཁོང་གི་ ཁྱིམ་ཚང་༡ ལུ་ ཆ་རོགས་འབད་བར་ འོང་གནང་ཟེར་ འགྲུལ་འཕྲིན་བཏང་ཡོདཔ་ད་ ཁོང་༣ ཆ་ར་ ཅོག་འཐདཔ་སྦེ་ན་ནི་ འགོ་བཙུགས་པའི་ཤུལ་ལས་ ཁོ་གིས་ ཞབས་ཏོག་ཨང་༡༡༢ ནང་ བརྒྱུད་འཕྲིན་བཏང་ཡོདཔ་ཨིན་པས།

དེ་འཕྲོ་ལས་ ནདཔ་སྐྱེལ་ལེན་སྣུམ་འཁོར་དང་གཅིག་ཁར་ དྲུང་འཚོ་ཅིག་དང་ སྨན་གཡོགམོ་ཅིག་ བཏང་ཡོད་རུང་ གསོ་བའི་སྡེ་ཚན་དེ་ ས་ཁོངས་དེ་ནང་ མ་ལྷོདཔ་ལས་ འཐུས་མི་དེ་ གྱོངས་སོཔ་ཨིན་པས།

མི་གཞན་༢ ཁ་ཙ་དྲོ་པ་ཆུ་ཚོད་༢.༣༠ དང་༥.༣༠ ལུ་ བ་འཇོ་སྨན་ཁང་ནང་ འབག་འོང་ཡོདཔ་ད་ གསོ་བའི་ལས་བྱེདཔ་ཅིག་གིས་ སླབ་མིའི་ནང་ གསོ་བའི་སྡེ་ཚན་དེ་ ནུབ་མོ་གནག་དུང་ནང་ གནས་ཚུན་ ལམ་འགྱོ་དགོཔ་ལས་ རྐྱེན་ངན་བྱུང་སར་ལྷོདཔ་ད་ དུས་ཡུན་རིངམོ་འགོར་སོ་ཡི་ཟེར་ཨིན་པས།

ཚེ་འདས་འཐུས་མིའི་ཕུངམ་དེ་ ཁ་ཙ་ ཉིན་མའི་ཆུ་ཚོད་༡ དང་༢ ཀྱི་བར་ན་ གནས་ཀྱི་ས་ཁོངས་ལས་བཏོན་ཏེ་ ཐིམ་ཕུག་ལུ་ འབག་འོང་ཡོདཔ་ཨིན་པས།

མ་གཞི་ སྔོ་ཚལ་གྱི་པར་ཚུ་ ནགས་ཚལ་དང་ སོ་ནམ་སྡེ་ཚན་ དེ་ལས་ གསར་སྦིས་ཐང་ལུ་ཡོད་མི་ རྒྱལ་ཡོངས་སྐྱེ་ལྡན་རིགས་སྣ་ལྟེ་བ་དང་ བརྗེ་སོར་འབད་ཡོད་རུང་ གསོ་བའི་སྡེ་ཚན་གྱིས་ ད་ལྟོ་ ངོས་འཛིན་འབད་མ་ཚུགས་པར་ཡོདཔ་ཨིན་པས།

སྡེ་ཚན་གྱིས་ སྔོ་ཚལ་ངོ་མ་དེ་ ལྟེ་བ་ལུ་ ད་རིས་ བསྐྱལ་ནི་ཨིནམ་མ་ཚད་ སྔོ་ཚལ་དེ་གི་ དུག་གི་གནས་ཚད་ཡང་ བརྟག་དཔྱད་འབད་ནི་ཨིན་པས།

ས་གནས་ཀྱི་ མི་ཚུ་གིས་འབད་བ་ཅིན་ འཐུས་མི་དང་ ཁོ་གི་ཉེ་ཚན་༢ ཀྱིས་ བཟའ་སྤྱོད་འབད་མི་ སྔོ་ཚལ་གྱི་མིང་དེ་ ཉིམ་ལྕུག་ཟེར་ སླབ་དོ་ཡོདཔ་ད་ བཟའ་མ་བཏུབ་པའི་ སྔོ་ཚལ་དེ་ ཁོང་གསུམ་གྱིས་ བཟའ་བཏུབ་མི་ སྔོ་ཚལ་དེམ་ཟེར་མི་དང་ ངོ་འཛོལ་ཡོདཔ་ འོང་ནི་མས་ཟེར་ མི་ཚུ་གིས་ བཤདཔ་ཨིན་པས།

ཆོས་གྲགས་རྒྱ་མཚོ་དེ་ སྤྱི་ལོ་༢༠༠༨ ལས་ཚུར་ ངང་ལམ་འདེམས་ཁོངས་ལས་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་སྦེ་ གནས་ཡུན་༣ པ་སྦེ་ ཕྱག་ཞུ་བའི་བསྒང་ཨིན་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *