ངང་ལམ་ཁྲོམ།

ངང་ལམ་གྱི་ མཐུན་རྐྱེན་ཟུར་བཞག་ལྟེ་བ་ ཚོས་གཞི་དམརཔོ་ནང་ ཚུད་ཡོདཔ།

༉ པདྨ་དགའ་ཚལ་ ངང་ལམ་གྱི་ མཐུན་རྐྱེན་ཟུར་བཞག་ལྟེ་བ་དེ་ ཚོས་གཞི་དམརཔོ་ནང་ ཚུད་ཡོད་མི་ལུ་བརྟེན་ དེ་ཁར་སྡོད་མི་ཚུ་གིས་ བདུན་ཕྲག་༡ གི་རིང་ ཟུར་བཞག་ནང་སྡོད་ནིའི་དོན་ལུ་ གཞལམ་སྒང་པཱན་སྦང་ལུ་ འགྱོ་དགོཔ་ཨིན་པས།

ངང་ལམ་དྲུང་ཁག་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ གཞལམ་སྒང་རྫོང་ཁག་བདག་སྐྱོང་དང་གཅིག་ཁར་ གྲོས་བསྟུན་འབད་བའི་ཤུལ་ལས་ སྤྱི་ཟླ་༦ པའི་ཚེས་༢༣ ལས་ ད་ལྟོ་ཚུན་ མི་༢༥ ལྷགཔ་ཅིག་ བདུན་ཕྲག་༡ གི་ ཟུར་བཞག་དོན་ལུ་ པཱན་སྦང་ལུ་ བཏང་ཡོདཔ་ཨིན་པས།

ཁ་ཙ་ ལས་བྱེད་ཚོགས་ཆུང་གིས་ མི་༡༧ པཱན་སྦང་ལུ་ ཟུར་བཞག་གི་དོན་ལས་ བཏང་ཡོདཔ་བཞིན་དུ་ འགོ་དཔོན་ཚུ་གིས་ པཱན་སྦང་ལུ་ ཟུར་བཞག་ནང་ ཨ་རྟག་ར་ རེས་གཟའ་ལྷག་པ་དང་ སྤེན་པ་ལུ་བཏང་དོ་ཡོདཔ་ད་ པཱན་སྦང་དེ་ ངང་ལམ་ལས་ ཀི་ལོ་མི་ཊར་༥༥ དེ་ཅིག་ ཡོདཔ་ཨིན་པས།

ངང་ལམ་གྱི་ མཐུན་རྐྱེན་ཟུར་བཞག་ལྟེ་བ་དེ་ གདུང་བསམ་རྩི་ས་ལས་འཛིན་གྱི་ས་ཁོངས་ནང་ བཟོ་ཡོདཔ་བཞིན་དུ་ ལས་འཛིན་གྱི་ས་ཁོངས་ནང་ལས་ ཀོ་བིཌ་-༡༩ ཐོབ་མི་ ངོས་འཛིན་འབད་བའི་ཤུལ་ལས་ ས་ཁོངས་དེ་ ཚོས་གཞི་དམརཔོ་སྦེ་ ངོས་འཛིན་འབད་ཡོདཔ་ཨིན་པས།

ངང་ལམ་དེ་ཡང་ ཉེན་ཁ་ཆེ་བའི་ས་ཁོངས་འབདཝ་ལས་ མི་ཚུ་ ཉེན་ཁ་ཆུང་བའི་ས་ཁོངས་ཚུ་ནང་ འགྲོ་འགྲུལ་འབད་དགོ་པ་ཅིན་ ངེས་པར་དུ་ བདུན་ཕྲག་༡ གི་རིང་ ཟུར་བཞག་ནང་ སྡོད་དགོཔ་ཨིན་པས།

ངང་ལམ་གྱི་ མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གདུང་བསམ་རྩི་ས་ལས་འཛིན་གྱི་ ས་ཁོངས་ནང་ཡོད་མི་ ཟུར་བཞག་ལྟེ་བ་དེ་ ཚོས་གཞི་དམརཔོ་སྦེ་བཟོ་ཡོདཔ་ལས་ ཁོང་ཆ་ཁྱབ་ ག་དེམ་ཅིག་སྦེ་ གློ་བུར་དུ་ ཉེན་ཁ་ཆུང་བའི་ ས་ཁོངས་ཚུ་ནང་ འགྱོ་དགོཔ་འཐོན་པ་ཅིན་ མཐུན་རྐྱེན་ཟུར་བཞག་ལྟེ་བའི་ ཚ་གྱང་ཡོད་ཟེར་ཨིན་པས།

ངང་ལམ་ལུ་ གཞུང་འབྲེལ་ལཱ་གི་དོན་ལུ་འོང་མི་ ལས་འཛིན་ཅིག་ནང་ ལཱ་འབད་མི་ འཕྲིན་ལས་ཀྱིས་ གཞུང་འབྲེལ་གྱིས་ལཱ་ཚུ་ རྫོགས་སོཔ་ལས་ ཟུར་བཞག་ནང་ སྡོད་ནིའི་དོན་ལུ་ དྲུང་ཁག་ཀོ་བིཌ་-༡༩ ཚད་འཛིན་ཡིག་ཚང་ནང་ ཞུ་ཡིག་བཙུགས་ཡོདཔ་ཨིན་པས།

འཕྲིན་ལས་ཀྱིས་ སླབ་མིའི་ནང་ ཟུར་བཞག་ལྟེ་བ་དེ་ ས་ཁོངས་ཚོས་གཞི་དམརཔོ་ནང་འབདཝ་ལས་ ཀོ་བིཌ་-༡༩ ཚད་འཛིན་ཡིག་ཚང་གི་ འགོ་དཔོན་ཚུ་གིས་ ཟུར་བཞག་གི་དོན་ལས་ པཱན་སྦང་ལུ་ གཏང་ཐབས་ལུ་ གཞལམ་སྒང་རྫོང་ཁག་བདག་སྐྱོང་དང་གཅིག་ཁར་ གྲོས་བསྟུན་འབད་བའི་ཤུལ་ལུ་ བརྡ་དོན་འབད་ནི་སྦེ་ སླབ་དེས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ པཱན་སྦང་ལུ་ སོང་ཞིནམ་ལས་ ཟུར་བཞག་ནང་སྡོད་ནི་ལུ་ དཀའ་ངལ་མེད་རུང་ དེ་བཟུམ་མའི་ གནས་སྟངས་སྐབས་ ཐབས་ལམ་གཞན་འཚོལ་ནི་དེ་ དྲུང་ཁག་ལས་བྱེད་ཚོགས་ཆུང་གི་ འགན་ཁུར་ཨིནམ་ལས་ ཐབས་ལམ་འཚོལ་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།

སྐྱེས་ལོ་༣༧ ལང་མི་ ཤེས་རབ་ཀྱིས་ སླབ་མིའི་ནང་ འཁོར་ལམ་གྱི་གནས་སྟངས་ ལེགས་ཤོམ་མེདཔ་ལས་ པཱན་སྦང་ལྷོདཔ་ད་ དུས་ཡུན་ཆུ་ཚོད་ཕྱེད་དང་༣ དེ་ཅིག་ འགོར་དོ་ཡོདཔ་བཞིན་དུ་ གནམ་བྱཱར་ཆརཔ་རྐྱབ་པའི་སྐབས་ འགྲོ་འགྲུལ་འབད་ནི་ལུ་ཡང་ ཉེན་ཁ་ཡོདཔ་ལས་ ལས་བྱེད་ཚོགས་ཆུང་གིས་ ངང་ལམ་ལུ་ ཐབས་ལམ་གཞན་ཅིག་ འཚོལ་བ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ པཱན་སྦང་ཚུན་ གླ་འཁོར་གྱི་འཐུས་ དངུལ་ཀྲམ་༣,༥༠༠ དེ་ཅིག་ སྤྲོད་དགོཔ་ལས་ སྣུམ་འཁོར་མེད་མི་ཚུ་ལུ་ གདོང་ལེན་འདུག་ཟེར་ཨིནམ་ད་ འགོ་དཔོན་ཚུ་གིས་ ཟུར་བཞག་གི་དོན་ལུ་ གཞལམ་སྒང་རྫོང་ཁག་བདག་སྐྱོང་ལུ་ ཞུ་བ་འབད་དགོཔ་ལས་ མི་དང་ ལས་བྱེད་ཚོགས་ཆུང་༢ ཆ་ར་ལུ་ དཀའ་ངལ་དང་ ཚ་གྱང་ཅིག་ ཨིན་ཟེར་ཨིན་པས།

བྱུང་རྐྱེན་བཀོད་དཔོན་དང་ པདྨ་དགའ་ཚལ་རྫོང་བདག་ ཡེ་ཤེས་རང་རིག་རྡོ་རྗེ་གིས་ སླབ་མིའི་ནང་ ལས་བྱེད་ཚོགས་ཆུང་གིས་ གཞལམ་སྒང་རྫོང་ཁག་བདག་སྐྱོང་དང་གཅིག་ཁར་ གྲོས་བསྟུན་འབད་ཐོག་ གློ་བུར་དང་ ཐབས་མེད་པར་ འགྲོ་འགྲུལ་འབད་དགོ་མི་ཚུ་ ཟུར་བཞག་གི་དོན་ལུ་ པཱན་སྦང་ལུ་ བཏང་དོ་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ བཟའ་ཁང་ཚུ་ཡོད་མི་ སྒྲིང་ཁྱིམ་ཚུ་ནང་ ཚོང་ཁང་དང་ ཁང་གླ་ཁར་ སྡོད་མི་ཚུ་ཡང་ཡོདཔ་ལས་ ཁྲོམ་ཁ་ཡོད་མི་ བཟའ་ཁང་ཚུ་ ཟུར་བཞག་གི་དོན་ལུ་ ལག་ལེན་འཐབ་མ་ཚུགས་ཟེར་ཨིནམ་ད་ ལས་བྱེད་ཚོགས་ཆུང་གིས་ དྲུང་ཁག་ཡིག་ཚང་དེ་ ཟུར་བཞག་ཁང་སྦེ་ བཟོ་ཡོད་ཟེར་ཨིན་པས།

ཨིན་རུང་ ས་ཁོངས་ཚོས་གཞི་དམརཔོ་ནང་ མི་མང་བརྟག་དཔྱད་འབད་བའི་སྐབས་ མི་སྡེ་ནང་ལས་ ཀོ་བིཌ་-༡༩ འཐོབ་མི་རེ་ བདའ་ཟུན་པ་ཅིན་ ལག་ལེན་འཐབ་ནིའི་དོན་ལུ་ དྲུང་ཁག་ཡིག་ཚང་ནང་ ཟུར་བཞག་ཁང་བཟོ་མི་དེ་ ད་ལྟོ་ ལག་ལེན་མ་འཐབ་པར་ཡོད་ཟེར་ རྫོང་བདག་གིས་ བཤདཔ་ཨིན་པས།

རྫོང་བདག་གིས་ ད་རིས་ ཚོས་གཞི་དམརཔོ་ནང་ འགོ་འདྲེན་འཐབ་ནི་ཨིན་མི་ མི་མང་བརྟག་དཔྱད་ལུ་ སྒུག་སྟེ་ཡོད་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ མི་མང་བརྟག་དཔྱད་སྐབས་ ནད་རྟགས་མེདཔ་སྦེ་འཐོན་པ་ཅིན་ མི་ཚུ་པཱན་སྦང་ལུ་ མ་གཏང་པར་ དྲུང་ཁག་ཡིག་ཚང་གི་ ཟུར་བཞག་ཁང་ནང་ བཞག་ནི་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། ངང་ལམ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *