འདེམས་ངོ་ཀརྨ་རྡོ་རྗེ།

ངང་ལམ་གྱི་ དུས་མིན་བཙག་འཐུའི་རྩོད་འགྲན་ ཁས་བླངས་ཚུ་གི་སྐོར་འབད་ཡོདཔ།

༉ བདུན་ཕྲག་འདི་གི་ རེས་གཟའ་ལྷག་པ་ལུ་ རྒྱལ་ཡོངས་ཚོགས་འདུའི་ དུས་མིན་བཙག་འཐུའི་ མི་མང་རྩོད་འགྲན་སྐབས་ འབྲུག་ཕུན་སུམ་ཚོགས་པ་དང་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་༢ ཆ་ར་གིས་ ངང་ལམ་ལུ་ སྨན་ཁང་རྒྱ་སྐྱེད་འབད་ནིའི་ ཁས་བླངས་འབད་ཡི།

རྒྱལ་ཡོངས་ཚོགས་འདུའི་ དུས་མིན་བཙག་འཐུ་དེ་ སྤྱི་ཟླ་༦ པའི་ཚེས་༢༩ ལུ་ འགོ་འདྲེན་འཐབ་ནི་ཨིན་པས།

འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ རིན་ཆེན་དཔལ་བཟང་གིས་ ངང་ལམ་ལུ་ ཚོང་འབྲེལ་ལྟེ་བ་གཞི་བཙུགས་འབད་ནི་དང་ ངང་ལམ་དང་ བདེ་བ་ཐང་གི་གཞུང་ལམ་ མཐུད་སྦྲེལ་འབད་ནི་ དེ་ལས་ ཡང་བ་རི་ལུ་ གནམ་གྲུ་ཐང་ བཟོ་སྐྲུན་འབད་ནི་དང་ ངང་ལམ་ལུ་ སྨན་ཁང་རྒྱ་སྐྱེད་འབད་ནིའི་ ཁས་བླངས་འབད་ཡི།

དེ་བཟུམ་སྦེ་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཀརྨ་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་ར་ བཙག་འཐུ་གྲུབ་པ་ཅིན་ ངང་ལམ་དེ་ ཚོང་འབྲེལ་དང་ ལྟ་བཤལ་ལྟེ་བ་ཅིག་སྦེ་ གོང་འཕེལ་གཏང་ནི་ ངང་ལམ་ལུ་ གློག་པར་བཏབ་ནི་དང་ ཨེན་ཌོསི་ཀོ་པིའི་ ནང་དཔྱད་གློག་པར་ཞབས་ཏོག་ཡོད་མི་ ཉལ་ཁྲི་༥༠ འབད་མི་ སྨན་ཁང་རྐྱབ་ནི་ཨིནམ་མ་ཚད་ སྤྱི་ལོ་༢༠༡༣ དང་༢༠༡༨ ཀྱི་ བཙག་འཐུའི་སྐབས་ ཁས་བླངས་འབད་མི་ཚུ་ འགྲུབ་ཚུགསཔ་འབད་ནི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༣ ལས་ར་ བཙག་འཐུའི་ནང་ བཅའ་མར་གཏོགས་ནི་དེ་གིས་ འདེམས་ཁོངས་ནང་གི་ མི་ཚུ་ལུ་ གོང་འཕེལ་གྱི་ ལས་སྣ་ག་ཅི་ར་དགོཔ་ཡོད་ག་ ལེགས་ཤོམ་སྦེ་ར་ ཤེསཔ་མ་ཚད་ ཁས་བླངས་ཚུ་ སྲིད་ཚོགས་དང་ གྲོས་བསྟུན་འབད་དེ་ བཟོ་ཡོདཔ་ལས་ ག་ར་འགྲུབ་ཚུགས་ཟེར་ཨིན་པས།

རིན་ཆེན་དཔལ་བཟང་གིས་ འབྲུག་མཉམ་རུབ་ཚོགས་པ་ལུ་ ཉིན་གྲངས་༡༠༠ འི་ ཁས་བླངས་དང་ སྤྱིར་བཏང་ཁས་བླངས་ དེ་ལས་ ད་རེས་ དུས་མིན་བཙག་འཐུའི་ ཁས་བླངས་འབདཝ་ད་ ཁས་བླངས་མ་འདྲཝ་ ཁག་༣ དེ་ཅིག་ཡོདཔ་ལས་ དུས་ཡུན་ཐུང་ཀུ་ཅིག་ནང་ ཁས་བླངས་དེ་ཚུ་ ག་དེ་སྦེ་ འགྲུབ་ཚུགསཔ་འབད་ནི་ཟེར་ དྲི་བཀོད་འབད་ཡི།

ཀརྨ་རྡོ་རྗེ་གིས་ སླབ་མིའི་ནང་ འདེམས་ཁོངས་ནང་གི་ མི་ཚུ་ལུ་ ཡུན་རིང་ལུ་ ཕན་ཐོགས་འབྱུང་ཚུགས་པའི་ ཁས་བླངས་ཁག་ཆེ་ཤོས་ཚུ་ ཨིན་པའི་ཁར་ གཞུང་སྐྱོང་ཚོགས་པ་ལུ་ འཆར་གཞི་ནང་ མ་ཚུད་པའི་ ལས་སྣ་ཚུ་ཡང་ འགོ་འདྲེན་འཐབ་ནིའི་ ཁེ་ཕན་ཡོདཔ་ལས་ དེ་ཚུ་ འགྲུབ་ཚུགས་ཟེར་ཨིནམ་ད་ ཁོ་གི་ སྲིད་ཚོགས་དེ་ ལྡོག་ཕྱོགས་ཨིན་པ་ཅིན་ ཁོ་ར་ དུས་མིན་བཙག་འཐུའི་ནང་ བཅའ་མར་མ་གཏོགསཔ་འོང་ཟེར་བཤད་ཅི།

ཁོ་གིས་འབད་བ་ཅིན་ ཁས་བླངས་དང་ ལས་སྣ་ཚུ་ འགྲུབ་ཚུགསཔ་འབད་ཐབས་ལུ་ མ་དངུལ་འཚོལ་ནི་དེ་ཡང་ གཞུང་གི་ འགན་ཁུར་ཨིནམ་ལས་ ཁས་བླངས་དེ་ཚུ་ གཙོ་རིམ་བཟོ་དོ་ཟེར་ཨིནམ་ད་ མ་འོངས་པར་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་པའི་ ཁེ་ཕན་ཡོདཔ་ལས་ གཞུང་གིས་ གློག་མེ་ལས་འགུལ་ཚུ་ནང་ མ་རྩ་གཞི་བཙུགས་འབད་དེ་ཡོད་ཟེར་ཨིན་པས།

འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་སྦེ་ ཕྱག་ཞུ་བའི་སྐབས་ གོང་འཕེལ་ལེ་ཤ་ འབག་འོང་མི་དེ་གིས་ མི་ཚུ་ལུ་ ཕན་ཐོགས་བྱུང་ཡོད་རུང་ ཁས་བླངས་འབད་དོ་བཟུམ་ ངང་ལམ་དང་ བདེ་བ་ཐང་གི་གཞུང་ལམ་ མཐུད་སྦྲེལ་འབད་མ་ཚུགས་མི་དེ་ ལྡོག་ཕྱོགས་ཚོགས་པ་འབད་ནི་དེ་གིས་ཨིན་ན་ཟེར་ ཀརྨ་རྡོ་རྗེ་གིས་ དྲི་བཀོད་འབད་ཡི།

རིན་ཆེན་དཔལ་བཟང་གིས་ སླབ་མིའི་ནང་ ངང་ལམ་དང་ བདེ་བ་ཐང་གི་ གཞུང་ལམ་སེལ་ནི་དེ་ ཌཱན་ཊཱག་ལས་འགུལ་ལུ་ བྱིན་ཡོདཔ་བཞིན་དུ་ ཌཱན་ཊཱག་གིས་ གཞི་རྟེན་གྱི་ ལམ་སེལ་ནིའི་ ལཱ་དེ་ཡང་ འགོ་བཙུགས་ཡོད་རུང་ ལས་མི་ཚུ་ བསམ་རང་དང་ ཇོ་མོ་གཙང་ཁའི་ གཞུང་ལམ་སེལ་བར་ བཏང་དགོཔ་ཐོནམ་ལས་ མཇུག་བསྡུ་མ་ཚུགས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གལ་སྲིད་ བཙག་འཐུ་འགྲུབ་པ་ཅིན་ སོ་ནམ་ཞིང་ལཱ་ཚུ་ གོང་འཕེལ་གཏང་ནི་དང་ ཞིང་ཆུའི་གཡུར་བ་ཚུ་ ཉམས་བཅོས་འབད་ཐོག་ གསརཔ་བསལ་ནི་ དེ་ལས་ ད་ལྟོ་དང་ མ་འོངས་པ་༢ ཆ་ར་ལུ་ ཕན་ཐོགས་འབྱུང་ཚུགས་པའི་ ལས་སྣ་འབག་འོང་ནི་ཚུ་ལུ་ གཙོ་བོ་བཏོན་ནི་ཟེར་ཨིན་པས།

ཀརྨ་རྡོ་རྗེ་གིས་ སོ་ནམ་ཐོན་སྐྱེད་གོང་འཕེལ་དང་ ཚོང་འབྲེལ་འཐབ་ནིའི་དོན་ལུ་ སོ་ནམ་ཞིང་ལམ་བསལ་ནི་དང་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་ཐོག་ ཚོང་ཁྲོམ་གྱི་ དཀའ་ངལ་བསལ་ནི་ དེ་ལས་ མི་སེར་ཚུ་ལུ་ གློག་ཐག་དང་ ཉི་དྲོད་སོ་ལར་གྱི་ ར་བ་ཚུ་ཡང་ རྒྱབ་སྐྱོར་འབད་ནི་ཟེར་ བཤད་ཅི།

བདེ་ཆེན་གླིང་རྒེད་འོག་ལས་ བསོད་ནམས་ཀྱིས་ སླབ་མིའི་ནང་ འདེམས་ངོ་༢ ཆ་ར་གིས་ འདེམས་ཁོངས་ནང་ ཕན་ཐོགས་འབྱུང་ཚུགས་པའི་ ཁས་བླངས་ཚུ་ འབད་དེས་ཟེར་ཨིན་རུང་ སྲིད་དོན་ཚོགས་པ་ཚུ་གིས་ ཁས་བླངས་མང་ཤོས་ར་ འགྲུབ་མ་ཚུགསཔ་ལས་ ཁོང་༢ ཀྱིས་ཡང་ ག་དེ་སྦེ་ འགྲུབ་ཚུགས་ག་ བརྟག་དཔྱད་འབད་དགོཔ་དེ་ ཁག་ཆེ་བས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ འབྲུག་རྒྱང་བསྒྲགས་ནང་ དངོས་མཐོང་གི་ མི་མང་གྲོས་བསྡུར་འབད་བའི་སྐབས་ འགོ་འདྲེན་པ་གིས་ དྲི་བ་བཀོད་མིའི་ ལན་མེན་པར་ གཅིག་གིས་གཅིག་ལུ་ སྐྱོན་བརྗོད་འབད་དོ་བཟུམ་མའི་ སྣང་བ་བྱུངམ་ལས་ ཚོགས་རྒྱན་བཙུགས་པའི་སྐབས་ དྲན་ཤེས་ཐོག་ ཚོགས་རྒྱན་བཙུགས་དགོཔ་དེ་ ཁག་ཆེ་བས་ཟེར་ཨིན་པས།

མི་ཚུ་གིས་ སླབ་མིའི་ནང་ འདེམས་ངོ་༢ ཀྱིས་ ཁས་བླངས་འབད་དོ་བཟུམ་སྦེ་ ངང་ལམ་ལུ་ སྨན་ཁང་རྒྱ་སྐྱེད་དང་ ངང་ལམ་དེ་ ཚོང་འབྲེལ་ལྟེ་བ་ཅིག་སྦེ་ བཟོ་ཚུགས་པ་ཅིན་ མི་སེར་ཉམ་ཆུང་དང་ ཚོང་འབྲེལ་འཐབ་མི་ཚུ་ལུ་ ཁེ་ཕན་འབྱུང་ནི་མས་ཟེར་ཨིན་རུང་ དེ་ཚུ་ ཚོགས་རྒྱན་གྱི་དོན་ལུ་ཨིན་ན་དང་ ཡང་ཅིན་ ངེས་པར་དུ་ འགྲུབ་ཚུགསཔ་འབད་འོང་ག་ བལྟ་དགོཔ་འདུག་ཟེར་ཨིན་པས།

སྤྱི་ཟླ་༦ པའི་ཚེས་༡༦ ལས་ འདེམས་ངོ་༢ ཆ་ར་གིས་ བདེ་ཆེན་གླིང་རྒེད་འོག་ནང་ སྒོ་བཤལ་ཐོག་ སྐུལ་བསྒྲགས་འབད་ནི་ འགོ་བཙུགས་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། ངང་ལམ།



འདེམས་ངོ་རིན་ཆེན་དཔལ་བཟང་།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *