གནས་སྟངས་སྐྱོ་དྲགས་ཐལ་མི་ ངང་ལམ་གྱི་ཕྲང་ལམ།

ངང་ལམ་གྱི་ཕྲང་ལམ་ གསརཔ་ཨིན་རུང་ གནས་སྟངས་སྐྱོ་དྲགས་ཐལ་ཡོདཔ།

༉ པདྨ་དགའ་ཚལ་ ངང་ལམ་དྲུང་ཁྲོམ་དང་ ཁྲིམས་སྲུང་འགག་སྡེའི་ ས་མཚམས་ཞིབ་དཔྱད་སྒོ་རའི་བར་ན་ ཕྲང་ལམ་དེ་ སྣུམ་འཁོར་རྒྱུན་འགྲུལ་འཐབ་སྟེ་ ཟླཝ་༨ དེ་ཅིག་ལས་བརྒལ་ མ་ལང་རུང་ ད་རེས་ འཁོར་ལམ་དེ་ ཧག་ཀ་ཧོག་ཀ་ཚུ་ཐོན་ཏེ་ གནས་སྟངས་སྐྱོ་དྲགས་ཅིག་ལུ་གྱུར་ནུག།
ངང་ལམ་ཁྲོམ་ཁར་ སྡོད་མི་ཚུ་ ཉོ་ཚོང་རྐྱབ་པར་ རྒྱ་གར་ཨ་སམ་གྱི་ས་གནས་ དའུ་ད་རི་དང་ རང་ག་པ་ནི་ལུ་ འགྱོ་དོ་ཡོདཔ་བཞིན་དུ་ འཁོར་ལམ་དེ་ ལེགས་ཤོམ་ཡོད་པ་ཅིན་ དུས་ཡུན་སྐར་མ་༥ དང་༡༠ གྱི་ ལམ་ཨིན་རུང་ ད་རེས་ གནས་སྟངས་སྐྱོ་དྲགས་ཡོད་ནི་དེ་གིས་ ཁྲོམ་ཁ་ལས་ ཞིབ་དཔྱད་སྒོ་ར་ཚུན་ དུས་ཡུན་སྐར་མ་༣༠ དེ་ཅིག་ འགོར་དོ་ཡོདཔ་ཨིན་པས།
ངང་ལམ་ཁྲོམ་ཁར་སྡོད་མི་ འཕྲིན་ལས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ འཁོར་ལམ་དེ་ ཁྲོམ་ཁ་ལས་ ལམ་ཕྱེད་ཀ་ཚུན་ རྩི་ས་བཏང་ཐོག་ལས་ ལེགས་ཤོམ་བཟོ་ཡོད་རུང་ དེ་ཁ་ལས་ ཞིབ་དཔྱད་སྒོ་ར་ཚུན་ གནས་སྟངས་སྐྱོ་དྲགས་ཐལ་ཡོདཔ་ལས་ སྣུམ་འཁོར་ཆུང་ཀུ་ཚུ་ བདའ་འགྱོ་ནི་ལུ་ གདོང་ལེན་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཞིབ་དཔྱད་སྒོ་ར་ཚུན་གྱི་ ཕྲང་ལམ་དེ་ གསརཔ་ཨིནམ་བཞིན་དུ་ ལམ་དེ་ཁ་ལས་ རྒྱུན་འགྲུལ་འཐབ་སྟེ་ ཟླཝ་༨ དེ་ཅིག་ལས་ མ་ལང་རུང་ ཧོག་ཀ་ཚུ་ཐོན་ཏེ་ གནས་སྟངས་སྐྱོ་དྲགས་ཐལ་ཡོདཔ་ལས་ ག་ཅི་ལུ་བརྟེན་ཨིན་ན་ ཤེས་རྟོགས་འབྱུང་མ་ཚུགས་ཟེར་ཨིན་པས།
དེད་གཡོགཔ་ཅིག་ཨིན་མི་ བཀྲིས་རབ་བརྟན་གྱིས་ སླབ་མིའི་ནང་ ཕྲང་ལམ་དེ་ གསརཔ་ཨིནམ་ལས་ ཧོག་ཀ་འཐོན་དགོཔ་ མེད་ཟེར་ཨིན་རུང་ ད་རེས་ ཧོག་ཀ་ལ་སོགས་པ་ཐོན་ཏེ་ གནས་སྟངས་སྐྱོ་དྲགས་ཐལ་ཡོད་མི་ལུ་ བལྟ་བ་ཅིན་ འཁོར་ལམ་གྱི་ རྩི་ནག་ར་ སྤུས་ཚད་མེདཔ་ཨིན་ན་དང་ ཡང་ཅིན་ རྒྱུན་འགྲུལ་འཐབ་མི་ར་ མང་དོ་ཡོདཔ་ཨིན་ན་ ཧ་མ་གོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གདུང་བསམ་རྩི་ས་ལས་འཛིན་ལས་ རྩི་ས་སྐྱེལ་འདྲེན་འཐབ་དོ་ཡོདཔ་བཞིན་དུ་ སྣུམ་འཁོར་ཊཱག་འབད་རུང་ ཕྲང་ལམ་དེ་ སོ་ནམ་ཞིང་ལས་ སྐྱོ་དྲགས་ཐལ་ཡོད་མི་ལུ་བརྟེན་ རྒྱུན་འགྲུལ་འབད་ནི་དེ་ གདོང་ལེན་འདུག་ཟེར་ ཨིནམ་བཞིན་དུ་ ཉམས་བཅོས་འབད་མི་ཡང་ མིན་འདུག་ཟེར་ཨིན་པས།
མི་གཞན་ཚུ་གིས་ སླབ་མིའི་ནང་ ངང་ལམ་ཁྲོམ་ཁར་ སྡོད་མི་ཚུ་ བདུན་ཕྲག་༡ ནང་ ཚར་༢ དང་༣ དེ་ཅིག་ ཨ་སམ་དའུ་ད་རི་དང་ རང་ག་པ་ནི་ལུ་ ཉོ་ཚོང་རྐྱབ་པར་ འགྱོ་དོ་ཡོདཔ་ད་ འཁོར་ལམ་གྱི་ གནས་སྟངས་སྐྱོ་དྲགས་ཡོདཔ་ལས་ གླ་འཁོར་ཚུ་གིས་ཡང་ འགྱོ་མི་བཏུབ་པས་ཟེར་ཨིན་པས།
ཁོང་གིས་ སླབ་མིའི་ནང་ གདུང་བསམ་རྩི་ས་ལས་འཛིན་གྱི་ལྟག་ལས་ འཁོར་ལམ་ཕྱེད་ཀ་ཚུན་ རྩི་ས་བཏང་ཡོད་མི་དེ་ ད་རེས་ ལོ་༢ དེ་ཅིག་ལང་རུང་ གནས་སྟངས་ལེགས་ཤོམ་ཡོདཔ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཕྲང་ལམ་དེ་ཡང་ རྩི་ས་གཏང་ཚུགས་པ་ཅིན་ སྤྱིར་བཏང་ག་ར་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ འཁོར་ལམ་ཚུ་ འབྲུག་པའི་ཊཱག་ཚུ་གིས་འབག་མི་ དོ་ཚད་ལུ་ གཞི་བཞག་ཐོག་ བཟོ་བཀོད་འབད་དེ་ རྩི་ནག་བཏང་དོ་ཡོདཔ་བཞིན་དུ་ ཕྲང་ལམ་དེ་ གསརཔ་འབད་རུང་ ད་རེས་ གནས་སྟངས་སྐྱོ་དྲགས་ཐལ་མི་དེ་ རྒྱ་གར་གྱི་ ཊཱག་ཚུ་གིས་ དོ་ཚད་ལས་བརྒལ་འབག་སྟེ་ རྒྱུན་འགྲུལ་འཐབ་མི་ལུ་བརྟེན་ འོང་ནི་མས་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་ ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་ འཇིགས་མེད་ཆོས་གྲུབ་ཀྱིས་ སླབ་མིའི་ནང་ ཕྲང་ལམ་དེ་ སྤྱི་ལོ་༢༠༡༥ དང་༢༠༡༦ དེ་ཅིག་ཁར་ པདྨ་དགའ་ཚལ་རྫོང་ཁག་གིས་ བཟོ་སྐྲུན་འབད་དེ་ རྩི་ནག་བཏང་ནུག་ཟེར་ ཨིནམ་བཞིན་དུ་ ཤུལ་ལས་ ལམ་སེལ་ལས་ཁུངས་ཀྱིས་ རྩིས་ལེན་ཡི་ཟེར་ཨིན་རུང་ ཞིབ་དཔྱད་སྒོ་ར་བཟོ་སྐྲུན་གྱི་ལཱ་ཚུ་ མཇུག་མ་བསྡུ་མི་ལུ་བརྟེན་ ཕྲང་ལམ་དེ་ལས་ འགྲུལ་བཀག་འབད་བཞག་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་རེས་ འཁོར་ལམ་སྐྱོ་དྲགས་ཐལ་མི་དེ་ སའི་སྤུས་ཚད་ལེགས་ཤོམ་མེད་པའི་ཁར་ འབྲུག་པའི་ཊཱག་ཚུ་དང་ཕྱདཔ་ད་ དོ་ཚད་ལས་བརྒལ་འབག་མི་ རྒྱ་གར་གྱི་ཊཱག་ཚུ་ རྒྱུན་འགྲུལ་འཐབ་ནི་དེ་གིས་ཨིན་རུང་ ལམ་སེལ་ལས་ཁུངས་ཀྱིས་ འཕྲལ་འཕྲལ་ར་ ཉམས་བཅོས་ཀྱི་ལཱ་ཚུ་ འབད་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྩིས་ལོ་༢༠༡༩-༢༠༢༠ འི་ནང་ འཁོར་ལམ་རྩི་ས་གཏང་ནིའི་དོན་ལུ་ མ་དངུལ་དངུལ་ཀྲམ་ ས་ཡ་༡༥ དེ་ཅིག་ཡོདཔ་ལས་ འཕྲལ་མགྱོགས་ར་ འགོ་བཙུགས་ནི་ཨིནམ་བཞིན་དུ་ ད་རུང་ མ་དངུལ་འཐོབ་པ་ཅིན་ ཞིབ་དཔྱད་སྒོ་ར་ཚུན་ རྩི་ས་གཏང་ནི་ཨིན་མི་ལུ་བརྟེན་ དཀའ་ངལ་དེ་ བསལ་ཚུགས་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། ངང་ལམ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *