ལག་ལེན་མ་འཐབ་པར་བཞག་མི་ ངག་དབང་འགྲམ་སྟོད་ཨ་ལོ་གཅེས་སྐྱོང་དང་ གོང་འཕེལ་ལྟེ་བ།

ངག་དབང་འགྲམ་སྟོད་ ཨ་ལོ་གཅེས་སྐྱོང་ལྟེ་བ་དེ་ ལོ་༣ གྱི་ཧེ་མར་ རྐྱབ་ཚར་རུང་ ད་ལྟོ་ཡང་ འགོ་བཙུགས་མ་ཚུགས་པར་ཡོདཔ།

༉ ལོ་ངོ་གཉིས་ལྷགཔ་ཅིག་གི་ཧེ་མར་ བསམ་རྩེ་རྫོང་ཁག་ རྟ་སྡིངས་རྒེད་འོག་གི་ ངག་དབང་འགྲམ་སྟོད་གཡུས་ཚན་ནང་ ཨ་ལོ་གཅེས་སྐྱོང་དང་ གོང་འཕེལ་ལྟེ་བ་ བཟོ་སྐྲུན་འབད་ཡོད་མི་དེ་ ད་ལྟོ་ཡང་ འགོ་བཙུགས་མ་ཚུགས་པར་ཡོདཔ་ཨིན་པས།
ཁྱིམ་གུང་པ་༡༠༤ ཡོད་མི་ ཌོ་ཡ་མི་སྡེའི་ གཅེས་སྐྱོང་ལྟེ་བའི་ནང་ ཨ་ལོ་༤༠ དེ་ཅིག་ ཤོང་ཚད་ཡོདཔ་བཞིན་དུ་ ལྟེ་བ་གིས་ ཨ་ལོ་སྐྱེས་ལོ་༣ ལས་འགོ་བཙུགས་ཏེ་ བློ་གསར་ནང་ བཙུགས་མ་རན་མི་ཚུ་ ལེན་དོ་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ གཡུས་ཚན་དེ་ནང་ ཨ་ལོ་སྐྱེས་ལོ་༥ དང་༦ ལང་མི་ཚུ་ ཕམ་ཚུ་དང་གཅིག་ཁར་ གཡུས་ཁར་སྡོད་སར་ མཐོང་པའི་ཁར་ ཕམ་ཚུ་གིས་ གཅེས་སྐྱོང་ལྟེ་བ་ འགོ་བཙུགས་མ་ཚུགས་མི་ལུ་བརྟེན་ ཁོང་དང་གཅིག་ཁར་ བཞག་དགོ་པས་ཟེར་ བཤདཔ་ཨིན་པས།
གཅེས་སྐྱོང་ལྟེ་བའི་ནང་ བཙུགས་འདོད་ཡོད་མི་ ཨ་ལོ་ཅིག་གི་ཨ་པ་ སྐྱེས་ལོ་༣༦ ལང་མི་ རྡོ་རྗེ་ཌོ་ཡ་གིས་ བཤད་མིའི་ནང་ ལྟེ་བ་དེ་ ཁོ་རའི་ཁྱིམ་གྱི་ སྦོ་ལོགས་ཁར་ཡོདཔ་ལས་ སྟབས་བདེ་ནི་ཨིནམ་མ་ཚད་ མི་སྡེ་ལུ་ ཕན་ཐོགས་འབྱུང་ཚུགས་ནི་ཨིན་རུང་ ག་ཅི་སྦེ་ འགོ་མ་བཙུགསཔ་ཨིན་ན་ ཧ་གོ་མ་ཚུགས་ཟེར་ཨིན་པས།
རྡོ་རྗེ་ཌོ་ཡ་ཁོ་ར་ ཞིང་ནང་ལཱ་འབད་དགོཔ་ལས་ སྐྱེས་ལོ་༣ ལང་མི་ བུ་དེ་ ཁྱིམ་གྱི་མཐའ་འཁོར་ལས་ཕར་ འཁྱམས་སྡོད་ཡོདཔ་བཞིན་དུ་ ཁོ་སྡོད་སའི་འོག་ལུ་ རིན་ཆེན་དབངམོ་དང་ ཨུན་འཛོམས་སྤུན་ཆ་གཉིས་ལུ་ཡང་ ཨ་ལོ་སྐྱེས་ལོ་༥ ལང་མི་༢ ཡོད་རུང་ ཁོང་གཉིས་ཀྱིས་ཡང་ དེ་སྦེ་ བཞག་སྟེ་འདུག།
རིན་ཆེན་དབངམོ་གིས་ བཤད་མིའི་ནང་ ལྟེ་བ་སྒོ་ཕྱེ་བ་ཅིན་ ཨ་ལོ་དེ་ དེ་ནང་བཙུགས་ནི་ཨིན་རུང་ རྒེད་འོག་གིས་ ལྟེ་བའི་དོན་ལུ་ གཅེས་སྐྱོང་འབད་མི་མེདཔ་སྦེ་ སླབ་ནི་འདུག་ཟེར་ཨིན་པས།
ངག་དབང་འགྲམ་སྟོད་དེ་ ས་གནས་མཐའ་ཟུར་ནང་ འབད་ནི་དེ་གིས་ སློབ་སྟོན་པ་ཚུ་ འོང་མི་བཏུབ་པས་ཟེར་ཨིནམ་ད་ རིན་ཆེན་དབངམོ་དང་ ཨུན་འཛོམས་ཀྱིས་འབད་བ་ཅིན་ གཅེས་སྐྱོང་ལྟེ་བའི་ནང་ སློབ་སྟོན་འབད་བར་ འོང་མི་བཏུབ་པས་ཟེར་ སླབ་མི་དེ་ལུ་ ཧ་མི་གོ་བས་ཟེར་ཨིན་པས།
ད་རེས་ནངས་པར་ སློབ་རིམ་༡༠ པ་དང་༡༢ པ་ མཇུག་བསྡུ་མི་ ལེ་ཤ་ཡོདཔ་ལས་ ལཱ་འབད་མི་ མི་འཐོབ་པས་ཟེར་ སླབ་མི་ལུ་ ཧ་མི་གོ་བས་ཟེར་ ཁོང་གིས་ བཤད་པའི་ཁར་ ལྟེ་བ་དེ་ ད་རེས་ ལག་ལེན་མེད་པར་ དེ་སྦེ་ར་ བཞག་ཡོདཔ་ཨིན་པས།
ཀ་ཆུ་ལ་གི་ སྐྱེས་ལོ་༦ ལང་མི་ བུམོ་དེ་ཡང་ ཁྱིམ་ནང་བཞག་སྟེ་ཡོདཔ་ད་ ཁོ་གིས་ ཨ་ལོ་གཅེས་སྐྱོང་ལྟེ་བ་དེ་ འགོ་བཙུགས་ནི་ར་ མིན་འདུག་ཟེར་ སླབ་པའི་ཁར་ སྒོ་ཕྱེ་བ་ཅིན་ ཁོ་གི་བུམོ་ དེ་ནང་ བཙུགས་ནི་ཨིན་ཟེར་ བཤདཔ་ཨིན་པས།
སྐྱེས་ལོ་༢༩ ལང་མི་ བསོད་ནམས་དེ་ ལྟེ་བ་ནམ་འགོ་བཙུགས་འོང་ག་ སག་ལང་སྟེ་ སྡོད་ཡོདཔ་ད་ ལྟེ་བ་དེ་ ང་བཅས་ཀྱི་ ཨ་ལོ་ཚུའི་དོན་ལུ་ རྐྱབ་ཡོདཔ་ཨིན་རུང་ ག་ཅི་སྦེ་ དུས་ཚོད་འགོརཝ་ཨིན་ན་ ཧ་མི་གོ་བས་ཟེར་ མོ་གིས་ བཤདཔ་ཨིན་པས།
ལྟེ་བ་དེ་ སྤྱི་ལོ་༢༠༡༧ ལུ་ འཛམ་གླིང་སྤྱི་ཚོགས་རྒྱལ་སྤྱི་ཨ་ལོའི་ཤེས་ཡོན་མ་དངུལ་ ཡི་ནི་སེཕ་གིས་ དངུལ་ཀྲམ་༩༤༥,༠༠༠ གྲོགས་རམ་བྱིན་ཐོག་ལས་ ངག་དབང་འགྲམ་སྟོད་ཀྱི་ སྤོག་ཏོ་ཅིག་གུ་ རྐྱབ་སྟེ་ཡོདཔ་ད་ ལས་འགུལ་དེ་ ཏཱ་ར་ཡ་ན་གིས་ ལག་ལེན་འཐབ་ཡོདཔ་ཨིན་པས།
ཁག་འབག་གི་ ལཱ་དེ་ཡང་ མི་སྡེ་ནང་གི་ ཁག་འབགཔ་ཅིག་ལུ་ སྤྲོད་ཡོདཔ་ད་ བཟོ་སྐྲུན་གྱི་ལཱ་ཚུ་ སྤྱི་ལོ་༢༠༡༦ ཟླ་༨ པའི་ནང་ འགོ་བཙུགས་ཏེ་ སྤྱི་ལོ་༢༠༡༧ ཟླ་༧ པའི་ནང་ མཇུག་བསྡུ་ཡོདཔ་ཨིན་པས།
རྟ་སྡིངས་རྒཔོ་ ཇ་གཱད་ག་ལེ་གིས་ སླབ་མིའི་ནང་ ལྟེ་བ་དེ་ བཟོ་སྐྲུན་འབད་ཚར་ཏེ་ ལོ་༣ ལང་དོ་ཡོད་རུང་ རྒེད་འོག་གིས་ འགོ་བཙུགས་ནིའི་ དབང་ཆ་མེདཔ་ལས་ རྫོང་ཁག་ཤེས་རིག་ལས་ཁུངས་ལུ་ ཡི་གུ་བྲིས་ཡོདཔ་ལས་ ལན་གསལ་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།
ལྟེ་བ་དེ་བཟུམ་སྦེ་ ཁེམ་པ་དགོན་གྱི་ ཨ་ལོ་གཅེས་སྐྱོང་ལྟེ་བ་ཡང་ དུས་ཚོད་དེ་ནང་ བཟོ་སྐྲུན་འབད་ཡོད་རུང་ ད་ལྟོ་ ལག་ལེན་མེད་པར་ བཞག་མི་དེ་ཡང་ རྫོང་ཁག་བདག་སྐྱོང་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལས་ གནང་བ་འཐོབ་པའི་ཤུལ་ལས་རྐྱངམ་གཅིག་ ལྟ་རྟོག་འབད་མི་ བཙུགས་ཚུགས་ནི་ཨིན་པས།
རྫོང་ཁག་ཤེས་རིག་འགོ་དཔོན་ ཀརྨ་བསོད་ནམས་ཆོས་འཕེལ་གྱིས་ སླབ་མིའི་ནང་ ཤེས་རིག་སྡེ་ཚན་གྱིས་ གནང་བ་འཐོབ་ནི་ལུ་ བསྒུག་དོ་ཟེར་ཨིནམ་ད་ ང་བཅས་ཀྱིས་ སྤྱི་ལོ་༢༠༡༧ ལས་ ལྟེ་བའི་ནང་ ལྟ་རྟོག་འབད་མི་ ཐེབས་བཙུགས་ནི་གི་ གནང་བ་མ་ཐོབ་པར་ཡོད་ཟེར་ཨིན་པས།
ཤེས་རིག་འགོ་དཔོན་གྱིས་ སླབ་མིའི་ནང་ གཅེས་སྐྱོང་ལྟེ་བའི་ནང་ ལཱ་འབད་མི་ཚུ་ གཏན་འཇགས་ཀྱི་ ལཱ་འབད་མི་སྦེ་ བཟོ་བའི་ཤུལ་ལས་ ཐེབས་ཐོབ་མ་ཚུགས་ཟེར་ཨིནམ་ད་ ལྟེ་བ་གཞན་ཚུ་ནང་ཡང་ དཀའ་ངལ་དེ་བཟུམ་ཐོན་ཏེ་ཡོད་ཟེར་ བཤདཔ་ཨིན་པས།
བསམ་རྩེ་ལུ་ ངག་དབང་འགྲམ་སྟོད་བརྩིས་ཏེ་ གཅེས་སྐྱོང་ལྟེ་བ་༥ ཡོདཔ་ད་ ཀརྨ་བསོད་ནམས་ཆོས་འཕེལ་གྱིས་ སླབ་མིའི་ནང་ གནད་དོན་དེ་ ཤེས་རིག་ལྷན་ཁག་གིས་ བལྟ་བའི་བསྒང་ཡོད་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *