ངག་ཐོག་དྲི་བ་༥༤ དང་ ཡིག་ཐོག་དྲི་བ་༡༢ གུ་ གསུང་གྲོས་གནང་ཡོདཔ།

༉ སྤྱི་ཟླ་༦ པའི་ཚེས་༣༠ ལུ་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་ཐེངས་༥ པའི་ ཚོགས་བཞུགས་ལས་རིམ་ མཇུག་བསྡུའི་རྟེན་འབྲེལ་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་མཆོག་གི་ཕྱག་ཞུ་སྟེ་ མི་དབང་རྒྱལ་བཙུན་མཆོག་གིས་ བྱོན་གནང་ཡི།

ཚོགས་ཐེངས་༥ པའི་ནང་ རྒྱལ་གཞུང་འབྲུག་གི་འགག་སྡེའི་འཕྲི་སྣོན་དཔྱད་ཡིག་༢༠༢༡ ཅན་མ་དེ་ ངོ་སྤྲོད་ཕུལ་ཞིནམ་ལས་ མི་སྡེ་དང་ལམ་སྲོལ་ཚོགས་ཆུང་ལུ་གནང་ཡོདཔ་ད་ འབྲུག་གི་སྐྱེ་ལྡན་རིགས་སྣའི་དཔྱད་ཡིག་༢༠༢༡ ཅན་མ་དེ་ མཐའ་འཁོར་དང་གནམ་གཤིས་འགྱུར་བགྲོད་ཚོགས་ཆུང་ལུ་ གནང་ནུག།

དཔྱད་ཡིག་༢ གུ་ ཚོགས་ཆུང་གིས་ བསྐྱར་ཞིབ་འབད་བའི་ཤུལ་ལས་ ཤུལ་མའི་ཚོགས་ཐེངས་ནང་ སྙན་ཞུ་ཕུལ་དགོཔ་སྦེ་ རྒྱལ་ཡོངས་ཚོགས་འདུ་གིས་ གསར་བཏོན་འབད་མི་ གནས་ཚུལ་ནང་འཁོད་དེ་འདུག།

དེ་བཟུམ་སྦེ་ འབྲུག་གི་ངན་ལྷད་བཀག་སྡོམ་འཕྲི་སྣོན་དཔྱད་༢༠༢༠ ཅན་མ་དེ་ ཆ་འཇོག་གྲུབ་སྟེ་ རྒྱལ་ཡོངས་ཚོགས་སྡེ་ལུ་ཕུལ་ཡོདཔ་ད་ འཕྲི་སྣོན་དེ་གིས་ སྤྱོད་བཀག་ ཡང་ཅིན་ བཙན་ལེན་ གཞུང་བཞེས་འབད་ཡོད་པའི་བསྒུལ་ཅན་ ཡང་ཅིན་ བསྒུལ་མེད་ཀྱི་རྒྱུ་དངོས་གང་རུང་ ཞིབ་དཔྱད་ཀྱི་གྲུབ་འབྲས་མ་འཐོན་ཚུན་ ཁྲིམས་ཀྱི་འདུན་ས་ལས་གནང་བ་ལེན་ཐོག་ བཀོལ་སྤྱོད་ ཡང་ན་ ལག་ལེན་གླར་སྤྱོད་འབད་ཆོགཔ་སྦེ་ ཆ་འཇོག་མཛད་ཡི་ཟེར་ཨིན་པས།

འབྲུག་གི་ཅ་ཆས་དང་ཞབས་ཏོག་ཁྲལ་གྱི་འཕྲི་སྣོན་དཔྱད་ཡིག་༢༠༢༡ ཅན་མ་དང་ འབྲུག་གི་ཅ་དམ་ཁྲལ་གྱི་དཔྱད་ཡིག་༢༠༢༡ ཅན་མ་ དེ་ལས་ འབྲུག་གི་ཁྲལ་གྱི་དཔྱད་ཡིག་༢༠༢༡ ཅན་མ་བཅས་ ཏི་རུ་དཔྱད་ཡིག་༣ ཆ་འཇོག་གྲུབ་གནང་ཡི།

འབྲུག་གི་ཅ་ཆས་དང་ཞབས་ཏོག་ཁྲལ་གྱི་བསྟར་སྤྱོད་དེ་ སྤྱི་ལོ་༢༠༢༠ ཟླ་༧ པའི་ཚེས་༡ ཚུན་ ཕར་ཕུད་རྐྱབ་ཡོདཔ་ད་ ཅ་ཆས་མང་ཆེ་བ་ཅིག་ ནང་འདྲེན་གྱི་ཅ་དམ་ཁྲལ་བརྒྱ་ཆ་༡༠ གུ་ བསྐྱར་བཟོ་འབད་ཡོདཔ་བཞིན་དུ་ འབྲུག་གི་ཅ་ཆས་དང་ཞབས་ཏོག་གི་ཁྲལ་བསྟར་སྤྱོད་མ་འབད་ཚུན་ ཏམ་ཁུའི་བཙོང་ཁྲལ་བརྒྱ་ཆ་༡༠༠ ཡོད་མི་དེ་ཡང་ ཁྲལ་དགོངས་ཡངས་བཏང་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

འབྲུག་གི་ཏམ་ཁུ་དམ་འཛིན་འཕྲི་སྣོད་དཔྱད་ཡིག་༢༠༢༡ ཅན་མ་དེ་ གཞུང་གིས་ཧོངས་ལས་ ནད་ཡམས་ཀོ་བིཌ་-༡༩ ཚད་འཛིན་འབད་ནིའི་དོན་ལུ་ རྒྱལ་ཁབ་ཀྱི་ འཛུལ་སྒོ་ཚུ་བསྡམ་བཞག་མི་ལུ་བརྟེན་ མི་སེར་ཚུ་གིས་ ནག་ཚོང་རྒྱ་ཆེཝ་སྦེ་རང་འཐབ་དོ་ཡོདཔ་ལས་ ནག་ཚོང་བཀག་ནི་དང་ རྒྱལ་ཁབ་ནང་ ནད་ཡམས་མི་སྤེལ་ནིའི་དོན་ལུ་ ཚོགས་ཐེངས་༥ པ་ འཚོགས་པའི་བར་ཁམས་ལུ་ ཚོགས་ཐེངས་ཀྱི་གྲོས་གཞི་སྦེ་བཙུགས་ཐོག་ འཕྲལ་མཁོའི་དཔྱད་ཡིག་སྦེ་ ངོས་ལེན་མཛད་གནང་དགོ་པའི་ཞུ་བ་དང་འཁྲིལ་ ཚོགས་ཁང་ཕན་ཚུན་༢ ཀྱིས་ རྒྱལ་ཁབ་བཙན་ཐབས་དང་ མི་སྡེའི་ཉེན་སྲུང་གི་དོན་ལུ་ འཕྲལ་མཁོའི་དཔྱད་ཡིག་སྦེ་ ཆ་འཇོག་གྲུབ་ཅི་ཟེར་ཨིན་པས།

འཕྲི་སྣོན་དེ་གིས་ ཏམ་ཁུ་ ཡང་ཅན་ ཏམ་ཁུའི་འཐོན་སྐྱེད་ཚུ་ བཙོང་བ་དང་ ཡང་ཅན་ བགོ་བཀྲམ་ ཉོ་ནི་ འཆང་སྤྱོད་ དེ་ལས་ སྐྱེལ་འདྲེན་འབད་མ་ཆོག་མི་ཚུ་ འབད་ཆོགཔ་སྦེ་ ཆ་འཇོག་གྲུབ་ཅི་ཟེར་ཨིན་པས།

འབྲུག་གཞུང་དང་ བང་ལ་དེཤ་བར་ན་ གདམ་ཁ་ཅན་གྱི་ ཚོང་གི་གན་རྒྱ་དང་ ངན་ལྷད་ཀྱི་གདོང་ལེན་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་མཐུན་གྲོས་འཕྲི་སྣོན་དེ་གུ་ རྒྱབ་སྣོན་ཆ་འཇོག་གནང་སྟེ་ རྒྱལ་ཡོངས་ཚོགས་སྡེ་ལུ་ ཕུལ་ཡི་ཟེར་ཨིན་པས།

རྒྱལ་ཡོངས་ཚོགས་སྡེ་ལས་ འཕྲི་སྣོན་དང་བཅས་འབྱོར་ཡོད་པའི་ སྔོ་ལྗང་གནམ་གཤིས་འགྱུར་བའི་ མ་དངུལ་ཡིག་ཚང་གི་ ཁེ་དབང་དང་ བཀག་ཆ་གུ་ འབྲུག་གཞུང་དང་ སྔོ་ལྗང་གནམ་གཤིས་འགྱུར་བའི་ མ་དངུལ་ཡིག་ཚང་བར་ནའི་གན་རྒྱ་གུ་ བསྐྱར་གྲོས་གནང་སྟེ་ ཆ་འཇོག་གྲུབ་གནང་ནུག།

རྩིས་ལོ་༢༠༢༡-༢༠༢༢ ཀྱི་འཆར་དངུལ་དཔྱ་བགོའི་དཔྱད་ཡིག་ནང་ འཆར་དངུལ་དཔྱ་བགོ་ཡོངས་བསྡོམས་དངུལ་ཀྲམ་ས་ཡ་༨༠,༤༨༣.༡༥༠ ཡོད་ས་ལས་ རྒྱུན་སྐྱོང་གི་ཟད་འགྲོའི་དོན་ལུ་ དངུལ་ཀྲམ་ས་ཡ་༣༥,༥༩༨.༦༦༤ དང་ གསར་སྒྲུབ་ཀྱི་ཟད་འགྲོའི་དོན་ལུ་ དངུལ་ཀྲམ་ས་ཡ་༣༨,༣༢༠.༦༧༡ དེ་ལས་ སྐྱིན་ཚབ་སྤྲོད་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༥,༦༥༤.༤༡༥ དང་ སྐྱིན་འགྲུལ་བཏང་ནིའི་དངུལ་ཀྲམ་ས་ཡ་༩༠༩.༤༠༠ འབད་མི་དང་ རྩིས་ལོ་༢༠༢༠-༢༠༢༡ གི་དོན་ལུ་ དངུལ་ཀྲམ་ས་ཡ་༧༣,༩༨༩.༨༨༡ གནང་བ་གྲུབ་སྟེ་ཡོད་པའི་གུ་ རྩིས་ལོ་༢༠༢༠-༢༠༢༡ གི་ལྷན་ཐབས་འཆར་དངུལ་དཔྱ་བགོའི་དཔྱད་ཡིག་གི་ནང་གསལ་ དངུལ་ཀྲམ་ས་ཡ་༢,༧༨༣.༧༠༣ བཅས་ ཡོངས་བསྡོམས་ཀྱི་དངུལ་ཀྲམ་ས་ཡ་༧༢,༧༧༣.༥༨༤ ཆ་འཇོག་གྲུབ་གནང་ཡི་ཟེར་ཨིན་པས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་༢༠༡༩ ཅན་མ་གུ་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ བསྐྱར་ཞིབ་མཛད་དེ་ གྲོས་འདེབས་༥ ཕུལ་མིའི་གུ་ གསུང་གྲོས་གནང་སྟེ་ ཆ་འཇོག་གྲུབ་ཞིནམ་ལས་ འབྲེལ་ཡོད་འགན་འཁྲི་ཅན་གྱི་གཙུག་སྡེ་ཚུ་དང་ ལས་སྡེ་ཚུ་གིས་ དང་ལེན་འབད་དགོཔ་སྦེ་ གྲོས་ཆོད་གནང་ཡི་ཟེར་ཨིན་པས།

སྤྱི་ཚོགས་ལྷན་བཞུགས།

སྤྱི་ཚོགས་ལྷན་བཞུགས་ནང་ འབྲུག་གི་ལྷན་རྒྱས་གཞུང་ཚོགས་དཔྱད་ཡིག་༢༠༢༠ ཅན་མའི་ནང་ ཚོགས་ཁང་ཕན་ཚུན་གྱི་བར་ན་ ཞལ་འཆམ་བྱུང་མ་ཚུགས་པའི་དོན་ཚན་ཚུ་གུ་ མཉམ་འབྲེལ་ཚོགས་ཆུང་ནང་ མོས་མཐུན་བྱུང་ཡོད་པའི་སྙན་ཞུ་ཕུལ་ཐོག་ ཆ་འཇོག་གྲུབ་ཡོདཔ་ཨིན་པས།

དེ་ཡང་ འཕྲི་སྣོན་དེ་གིས་ ལྷན་རྒྱས་གཞུང་ཚོགས་ཀྱི་ཡིག་ཚང་ནང་འཁོད་ལུ་ བློན་ཆེན་ཡིག་ཚང་ཅིག་ གཞི་བཙུགས་ཆོགཔ་སྦེ་ ཆ་འཇོག་གྲུབ་གནང་ཡི་ཟེར་ཨིན་པས།

འབྲུག་གི་གཏེར་ཁ་དང་ གཏེར་རྫས་དཔྱད་ཡིག་༢༠༢༠ ཅན་མ་དེ་གུ་ ཞལ་འཆམ་མ་བྱུང་པའི་གནད་དོན་ལེ་ཤ་ཡོདཔ་ལས་ མཉམ་འབྲེལ་ཚོགས་ཆུང་ནང་ དཔྱད་ཡིག་གི་གཞི་རྩ་གུ་ མོས་མཐུན་བྱུང་མ་ཚུགསཔ་ལས་བརྟེན་ ཚོགས་ཆུང་གིས་གྲོས་འདེབས་ཕུལ་ཐོག་ ཁྲིམས་བཟོའི་བྱ་བའི་གནད་སྤྱོད་༢༠༡༧ ཅན་མའི་དོན་ཚན་༥༩ ཀ༼༢༽པ་དང་འཁྲིལ་ ཕར་ཕུད་མཛད་གནང་ཡི་ཟེར་ བཀོད་ནུག།

གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་ཁག་༥ གུར་ དམངས་རྩིས་ཚོགས་ཆུང་གིས་བསྐྱར་ཞིབ་འབད་དེ་ གྲོས་འདེབས་ཁག་༡༨ ཕུལ་ཡོད་མི་གུ་ གསུང་གྲོས་གནང་སྟེ་ ཆ་འཇོག་གྲུབ་སྟེ་ གཞུང་ལུ་ཡང་དེ་དང་བསྟུན་ འགན་འཁྲི་བཀལ་ནུག།

ལོ་བསྟར་རྩིས་ཞིབ་སྙན་ཞུ་༢༠༢༠ ཅན་མ་དང་ ཕྱི་རྒྱལ་འགྲོ་འགྲུལ་གྱི་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་ དེ་ལས་ རྒྱལ་ཡོངས་ཀྱི་ཡོངས་འབྲེལ་རྒྱུན་ཐག་ མཐུད་འབྲེལ་ལག་ལེན་དང་ འཛིན་སྐྱོང་གི་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་ཁག་༣ ཡང་ མི་མང་གི་ཡིག་ཆས་སྦེ་ གསལ་སྟོན་མཛད་གནངམ་དང་གཅིག་ཁར་ གནམ་དགུན་གྱི་ ཚོགས་ཐེངས་ནང་ སྙན་ཞུ་ཕུལ་ནིའི་དོན་ལུ་ དམངས་རྩིས་ཚོགས་ཆུང་ལུ་ བསྐྱར་ཞིབ་ཀྱི་དོན་ལུ་གནང་ཡི་ཟེར་ཨིན་པས།

ཚོགས་ཐེངས་༥ པའི་ ཚོགས་བཞུགས་ལས་རིམ་དེ་ སྤྱི་ཟླ་༥ པའི་ཚེས་༢༧ ལས་ སྤྱི་ཟླ་༦ པའི་ཚེས་༣༠ ཚུན་ བདུན་ཕྲག་ངལ་གསོ་མ་བརྩི་བར་ ཉིན་གྲངས་༢༥ གི་རིང་ གཞན་ཁྲིམས་བཟོའི་བྱ་རིམ་དང་འཁྲིལ་ ཚོགས་ཐེངས་༢ པའི་གྲོས་ཆོད་དང་ལེན་ཁག་༡ དང་ གྲོས་དོན་ཁག་༡ གུ་ དྲི་བཀོད་སྐོར་ཐེངས་༢ ནང་ ངག་ཐོག་དྲི་བ་༥༤ དང་ ཡིག་ཐོག་དྲི་བ་༡༢ ཕུལ་མི་དེ་ཚུ་ཡང་ གསུང་གྲོས་གནང་ནུག་ཟེར་ གསར་བཏོན་མཛད་ནུག།

ཚོགས་ཁང་ཕན་ཚུན་༢ ཀྱིས་ ཆ་འཇོག་གྲུབ་ཡོད་པའི་དཔྱད་ཡིག་ཚུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཞབས་སར་ བཀའ་འགྲོལ་དོན་ལུ་ ཕུལ་ནི་ཨིནམ་ད་ སྤྱི་ཚོགས་ཀྱིས་ཆ་འཇོག་གྲུབ་པའི་ སྤྱིར་བཏང་དཔྱད་ཡིག་ཚུ་ འབྲུག་རྒྱལ་པོ་མཆོག་གི་ བཀའི་གནང་བ་འགྲོལ་ཞིནམ་ལས་ ཁྱབ་དབང་གི་ཆ་གནས་གྲུབ་ཨིན་ཟེར་ ཨིན་པས།

རྒྱལ་ཡོངས་ཚོགས་འདུའི་ གྲོས་ཆོད་དེ་ འཕྲལ་མགྱོགས་ར་ ཡོངས་འབྲེལ་ནང་གཟིགས་ཚུགས་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *