ང་བཅས་རའི་ འགན་ཁུར་ཟེར་མི་ ཐབས་བྱུས་ལུ་ངོས་ལེན།

༉ འདས་པའི་བདུན་མཐའི་སྐབས་ རྒྱ་གར་གྱི་ བློན་ཆེན་ན་རེན་ད་ར་མོ་དི་གིས་ འབྲུག་རྒྱལ་ཁབ་ནང་ རྒྱལ་ཁམས་ཀྱི་ གཟིགས་སྐོར་གནང་པའི་ ཤུལ་བཞག་ཅིག་ གོང་ཚད་ཕབ་ཆག་ཡོད་མི་ མེ་རླུང་རྒྱ་རྫི་ ཟླཝ་རེ་ལུ་ མེ་ཊིག་ཊཱན་༧༠༠ ལས་༡,༠༠༠ ལུ་ ཡར་སེང་གནང་མི་དེ་ཨིན།
རྒྱ་གཞུང་གིས་ མེ་རླུང་རྒྱ་རྫི་གོང་ཚད་ཕབ་ཆག་གི་ ཚད་གཞི་ཡར་སེང་འབད་མི་དེ་ཡང་ འབྲུག་གཞུང་གི་ཧོངས་ལས་ གྲོང་གསེབ་མི་སེར་ཚུ་ལུ་ ཐོབ་སྤྱོད་ཡོདཔ་ བཟོ་ནི་གི་ བརྩོན་ཤུགས་བསྐྱེད་མིའི་ ལྷན་ཐབས་ལུ་ཨིན་མས།
གོང་ཚད་ཕབ་ཆག་ཡོད་མི་ མེ་རླུང་རྒྱ་རྫི་ཚུ་ མཐའ་ཟུར་ལུ་སྡོད་མི་ མི་སེར་ཚུ་གིས་ ཐོབ་ཚུགས་པ་ཅིན་ ཁྲོམ་སྡེ་དང་ གྲོང་གཡུས་ཚུ་ནང་སྡོད་མི་ཚུ་གི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི་ལུ་ཡང་ ལྷན་ཐབས་འབྱུང་ནི་མས།
གཞུང་གིས་ རྒྱལ་ཁབ་ནང་ མེ་རླུང་རྒྱ་རྫི་ལངམ་སྦེ་ བཀྲམ་སྤེལ་འབད་མ་ཚུགས་པའི་ དཀའ་ངལ་སེལ་ཐབས་ལུ་ དུས་ཅིའི་ལོ་སྔ་ཆ་ལས་ ང་བཅས་མི་སེར་གྱི་ འགན་ཁུར་ཟེར་མི་ ཐབས་བྱུས་འགོ་བཙུགས་ཏེ་ གོང་ཚད་ཕབ་ཆག་མེད་པའི་ རྒྱ་རྫི་ཚུ་ ནང་འདྲེན་ཐོག་ བཀྲམ་སྤེལ་འབད་རུང་ ཉོ་མི་གངམ་མ་ཐོནམ་ལས་ སྤྱི་ཚོགས་ཀྱི་ འཐུས་མི་དང་ འབྱོར་པ་ཅན་གྱི་ བཟའ་ཚང་ཚུ་ལུ་ ཕབ་ཆག་ཡོད་མི་ཚུ་ ལོག་རྩིས་སྤྲོད་དེ་ ཕབ་ཆག་མེད་པའི་ མེ་རླུང་རྒྱ་རྫི་ལེན་དགོ་པའི་ གསོལ་འདེབས་དང་ གསལ་བསྒྲགས་ལན་ཐེངས་ལེ་ཤ་འབད་ཡི།
དེ་འབདཝ་ད་ འགན་ཁུར་འབག་མི་ རེ་གཉིས་མ་གཏོགས་མ་ཐོནམ་ལས་ མཐའན་མཇུག་ལུ་ གཞུང་གིས་ སྤྱི་ལོ་༢༠༢༠ ལས་འགོ་བཙུགས་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་༤ ནང་ གོང་ཚད་ཕབ་ཆག་ཡོད་མི་ཚུ་ བསྡུ་ཐོག་ལས་ ཕབ་ཆག་མེད་པའི་ མེ་རླུང་རྒྱ་རྫི་བཀྲམ་སྤེལ་འབད་ནི་གི་ གསལ་བསྒྲགས་འབད་མི་དེ་ ཐབས་བྱུས་ལེགས་ཤོམ་ཅིག་ཨིན་མི་དེ་ཡང་ གསོལ་འདེབས་དང་ ཞུ་བསྐུལ་འབད་མི་ཚུ་ འགྱོ་མ་བཏུབ་པ་ཅིན་ འདི་བཟུམ་མའི་ ཐབས་ལམ་བསྟར་སྤྱོད་འབད་དགོ།
ད་རེས་ནངས་པར་ ཐིམ་ཕུག་དང་་ དགེ་ལེགས་ཕུག་ ཕུན་ཚོགས་གླིང་ཁྲོམ་སྡེའི་ མི་ཚུ་དང་ ལས་གཡོགཔ་ཚུ་གིས་ རང་སོའི་ཁས་བླངས་ཐོག་ལས་ ཕབ་ཆག་ཡོད་མི་ རྒྱ་རྫི་ཚུ་ ལོག་སྤྲོད་དེ་ གོང་ཚད་ཕབ་ཆག་མེད་མི་ཚུ་ ལེན་འབག་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ དེ་བཟུམ་སྦེ་ བཟའ་ཚང་འབྱོར་པ་ཅན་དང་ ཚོང་པ་ དེ་ལས་ ཞི་གཡོགཔ་དང་ སྤྱི་གཡོགཔ་ཚུ་གིས་ཡང་ ངོས་ལེན་འབད་བ་ཅིན་ ཕབ་ཆག་ཅན་གྱི་ མེ་རླུང་རྒྱ་རྫི་ཚུ་ གྲོང་གསེབ་ཚུ་ནང་ མ་ལྷོད་པའི་ དཔེ་མི་སྲིད།
ཕབ་ཆག་མེད་པའི་ རྒྱ་རྫི་འཆང་མི་ཚུ་ལུ་ སྟབས་བདེ་ཤོས་ར་ ག་ཅི་ཡོདཔ་སྨོ་ཟེར་བ་ཅིན་ རྒྱ་རྫི་མཁོ་སྒྲུབ་དང་ སོར་བའི་སྐབས་ ཤོག་འཛིན་དང་ ཤོག་བྱང་ལ་སོགས་པ་ཚུ་ མ་དགོ་པའི་ཁར་ གྱལ་ནང་ཡང་ སྡོད་མ་དགོ་པར་ འཇམ་ཏོང་ཏོ་སྦེ་ ཐོབ་ཚུགསཔ་ཨིན་མས།
འདི་འབདཝ་ད་ ཁྲོམ་སྡེ་༤ ནང་ ཕབ་ཆག་ཡོད་པའི་ མེ་རླུང་རྒྱ་རྫིའི་ མཐུན་རྐྱེན་མེདཔ་བཟོ་བ་ཅིན་ འོང་འབབ་ཆུང་རིམ་སྡེ་ཚན་དང་ རྒྱབ་སྐྱོར་ལས་བྱེདཔ་ དེ་ལས་ ཉིན་བསྟར་གླ་ཆའི་ཐོག་ལུ་ ལཱ་འབད་མི་ བཟའ་ཚང་ཚུ་ལུ་ ཐོ་ཕོག་ནི་དང་ གཞུང་གི་ལྟ་བ་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི་མེན་པར་ ལྷག་པར་དུ་ ཁྱད་པར་སྦོམ་བཟོ་ནི་གི་ ཉེན་ཁ་འདུག།
མ་གཞི་ གོང་ཚད་ཀྱི་ཐད་ལུ་ ཕབ་ཆག་ཡོད་མི་དང་ མེད་མིའི་བར་ན་ རྒྱ་རྫི་རེ་ལུ་ དངུལ་ཀྲམ་༡༩༠ དེ་ཅིག་ལས་བརྒལ་མེད་རུང་ འོང་འབབ་ཆུང་རིམ་སྡེ་ཚན་གྱི་དོན་ལུ་ ཟད་འགྲོ་ལྕི་དྲགས་གནས་ནི་མས།
འདི་འབདཝ་ལས་ གཞུང་གིས་ ཁྲོམ་སྡེ་༤ ནང་ ཐབས་བྱུས་གསརཔ་དེ་ ལག་ལེན་མ་འཐབ་པའི་ཧེ་མར་ བཟའ་ཚང་ལ་ལོ་ཅིག་ གྲོང་གསེབ་མི་སེར་ལས་ཡང་ འཚོ་བའི་གནས་སྟངས་ སྐྱོ་དྲགས་དང་ ཕབ་ཆག་མེད་པའི་ མེ་རླུང་རྒྱ་རྫི་ཉོ་ནི་གི་ ལྕོགས་གྲུབ་མེདཔ་ལས་ དེ་ཚུ་ བརྟག་ཞིབ་འབད་དེ་ ཐུགས་ཐག་བཏོག་ནི་དེ་གལ་ཆེ།
འདི་དང་གཅིག་ཁར་ གོང་ཚད་ཕབ་ཆག་ཅན་གྱི་ རྒྱ་རྫི་ཚུ་ གྲོང་གསེབ་ཚུ་ནང་ལས་ཕར་ ཐོབ་སྤྱོད་ཡོདཔ་ ངེས་བརྟན་བཟོ་ནིའི་ ཐབས་ལམ་མ་བཏོན་པ་ཅིན་ འོས་འབབ་མེད་པའི་ མི་ཚུ་གི་ལག་པར་ ཚུད་ནི་གི་ ཉེན་ཁ་ཡོདཔ་ཨིན།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *