ང་བཅས་བག་ལྷོད་སྦེ་ སྡོད་ཐབས་མེདཔ།

༉ རྒྱལ་ཡོངས་ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་ལས་རིམ་ འགོ་འདྲེན་འཐབ་མི་དེ་ ཁ་ཙ་ མཇུག་བསྡུཝ་དང་འབྲེལ་ འདས་པའི་ཉིན་གྲངས་༩ ནང་ རྒྱལ་ཁབ་ནང་སྡོད་མི་ མི་གྲངས་༤༦༦, ལུ་ སྨན་ཁབ་ཐུན་ཚད་དང་པ་བཙུགས་མི་དེ་ འཛམ་གླིང་ནང་ རྒྱལ་ཁབ་༢ པ་ཨིན་པས།

དེ་ཡང་ ཁྱད་ཚད་ལྡན་མི་ག་ར་ལུ་ ཀོ་བིཌ་-༡༩ འི་ སྨན་ཁབ་བཙུགས་ཡོདཔ་ལས་ ཨིཛ་རེལ་རྒྱལ་ཁབ་ཀྱི་ཤུལ་ལས་ འབྲུག་གིས་ ཨང་༢ པ་ཐོན་ཡོདཔ་ལས་ སྙན་གྲགས་ཐོན་ཡོདཔ་མ་ཚད་ རྒྱལ་ཁབ་ནང་ སྨན་ཁབ་བཙུགས་མི་ཚུ་ལུ་ཡང་ དཔའ་ཉམས་བསྐྱེད་དེ་ ཨ་རྟག་གི་ གནས་སྟངས་ལུ་ སྣང་བ་ཤར་ཏེ་ སེམས་བག་ཡེངས་ཐོག་ལུ་སྡོད་སར་ མཐོང་གསལ་བྱུངམ་མས།

དེ་འབདཝ་ད་ ང་བཅས་ཆ་ཁྱབ་ ད་ལྟོ་ སྨན་ཁབ་ཐུན་ཚད་དང་པ་རྐྱངམ་གཅིག་ བཙུགས་ཡོདཔ་ལས་ བློ་བདེ་ནི་དང་ སེམས་བག་ལྷོད་སྦེ་ སྡོད་ཐབས་མེད་མི་དེ་ཡང་ སྨན་ཁབ་ཐུན་ཚད་༢ པ་ མ་བཙུགས་ཚུན་ཚོད་ ནད་ཡམས་ཀྱི་ ཉེན་སྲུང་ངེས་བརྟན་མེདཔ་ཨིན། 

དེ་མ་ཚད་ ནད་ཡམས་ཀྱི་ སྨན་ཁབ་ཐུན་ཚད་༢ པ་བཙུགས་ཏེ་འབད་རུང་ ཀོ་བིཌ་-༡༩ མི་འཐོབ་ཟེར་ ངེས་པ་མེདཔ་ལས་ ང་བཅས་བློ་བདེ་སྟེ་ གསོ་བའི་སྒྲིག་གཞི་ཚུ་ རྒྱབ་བསྐྱུར་ཐོག་ ག་དགའཝ་སྦེ་ སྡོད་ནི་དེ་ འཛོལ་བ་ཨིན།

དེ་གི་ནང་དོན་ཉིད་ལས་ ཁ་ཙ་ མཇུག་བསྡུ་མི་ རྒྱལ་ཡོངས་སྨན་ཁབ་ལས་རིམ་སྐབས་ ཨ་ལོ་སྐྱེ་ནི་ཡོད་མི་དང་ ཨོམ་བྱིན་མི་ སྐྱེས་མ་ཚུ་གིས་གཙོས་པའི་ སྐྱེས་ལོ་༡༨ མན་ཆད་འབད་མི་ཚུ་ལུ་ ཀོ་བིཌ་-༡༩ འི་ སྨན་ཁབ་མ་བཙུགས་པར་ཡོདཔ་ལས་ ནད་ཡམས་ཀྱི་ གནོད་ཉེན་དེ་ འཚུབས་ཆེ་དྲགས་སྦེ་ར་ཡོད།

ད་རུང་ འདས་པའི་བདུན་ཕྲག་ནང་ལས་ རྒྱལ་ཁབ་ནང་ ནད་ཡམས་ཐོབ་མི་ ཡར་སེང་འགྱོ་ནི་ ལོག་འགོ་བཙུགས་ཡོདཔ་བཞིན་དུ་ ཁ་ཙ་ཚུན་ ནད་འབུབ་ཐོབ་མིའི་གྱངས་ཁ་༨༩༡ ལུ་ ལྷོད་ཡོདཔ་ལས་ ཧེང་སྐལ་ར་ ཚ་གྱང་ལང་དགོཔ་ཅིག་ཨིན་མས།

འབྲུག་གི་ ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་བལྟ་རུང་ འཕྲལ་ཁམས་ཅིག་ལས་ རྒྱ་གར་དང་ བང་ལ་དེཤ་ལུ་ མི་སེར་ཚུ་ སེམས་བག་ཡེངས་ཤོར་མི་ལུ་བརྟེན་ ཀོ་རོ་ན་བའེ་རཱསི་ཐོབ་མི་དང་ ཤི་རྐྱེན་བྱུང་མི་ རྣམ་རྟོག་ལང་སི་སི་སྦེ་ ཡར་འཕར་འགྱོ་ནི་ འགོ་བཙུགས་ནུག།

དེ་འབདཝ་ལས་ བང་ལ་དེཤ་གཞུང་གིས་ ད་རིས་ལས་འགོ་བཙུགས་ ཉིན་གྲངས་༧ གྱི་རིང་ རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་གྱི་ གསལ་བསྒྲགས་འབད་ཡོདཔ་ད་ ཉིནམ་༡ ནང་ར་ ནད་འབུབ་ཐོབ་མིའི་ཚད་གཞི་ བརྒྱ་ཆ་༢༣.༢༨ ཡར་སེང་སོང་མི་དེ་ ད་ཚུན་གྱི་བར་ན་ མཐོ་ཤོས་ཅིག་ཨིན་མས།

བང་ལ་དེཤ་ལུ་ ཀོ་བིཌ་-༡༩ ཐོབ་མིའི་གྱངས་ཁ་༦༣༧,༣༦༤ ལུ་ ལྷོད་ཡོད་མི་ལས་༩,༢༦༦ ལུ་ ཤི་རྐྱེན་བྱུང་ནུག།

དེ་བཟུམ་སྦེ་ ཁ་ཙ་ རྒྱ་གར་ལུ་ ནད་འབུབ་ཐོབ་མི་གསརཔ་ མི་༩༣,༢༤༩ ངོས་བཟུང་འབད་མི་དེ་ འདས་པའི་ཟླཝ་ཕྱེད་དང་༧ གྱི་ནང་ མཐོ་ཤོས་ཅིག་ཨིནམ་ད་ རྒྱལ་ཁབ་དེ་ནང་ བསྡོམས་ཀྱིས་མི་འབོར་ས་ཡ་༡༢.༤༨༥ ལྷགཔ་ཅིག་ལུ་ ཀོ་བིཌ་-༡༩ ཐོབ་མི་ལས་༡༦༤,༦༥༥ ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ ཨེན་ཌི་ཊི་བི་ནང་བཀོད་ནུག།

མ་གཞི་ འབྲུག་གི་རྒྱལ་སྤྱི་ས་མཚམས་ཚུ་ སྒོ་བསྡམས་ཏེ་ར་ བཞག་ཡོདཔ་མ་ཚད་ ས་མཚམས་བདའ་སྟེ་ ཉེན་སྲུང་ལྟ་རྟོག་པ་ཚུ་ བཙུགས་ཏེ་ཡོད་རུང་ ཕྱིའི་ལས་མི་ ནང་འདྲེན་འབད་ནི་ འགོ་བཙུགས་ཡོདཔ་མ་ཚད་ འབྲུག་མི་ཚུ་ཡང་ ཕར་ཚུར་རྒྱུན་འགྲུལ་འཐབ་དོ་ཡོདཔ་ལས་ མི་སྡེ་ནང་ ནད་ཡམས་ཁྱབ་སྤེལ་འགྱོ་ནིའི་ ཉེན་ཁ་སྦོམ་འདུག།

འདི་འབདཝ་ལས་ ང་བཅས་ག་འབད་རུང་ སྨན་ཁབ་བཙུགས་ཚར་ཡོདཔ་ལས་ ཉེན་སྲུང་ཡོད་ཟེར་ མ་མནོ་བར་ སེམས་ཚ་གྱང་ཐེབས་འབག་སྟེ་ དུས་རྒྱུན་དུ་ གསོ་བའི་བསླབ་བཀོད་དང་འཁྲིལ་ སྒྲིག་གཞི་ཚུ་ ལག་ལེན་འཐབ་དགོ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *