ང་བཅས་ཀྱིས་ རྣམ་དག་ཅན་གྱི་ སྲིད་ཚོགས་ཅིག་སྦེ་འཐོན་འོང་།

དེ་ཡང་ བྷུ་ཊཱན་རྟེན་འབྲེལ་ཚོགས་པའི་གཙོ་འཛིན་ དྲགོས་པདྨ་ཚེ་དབང་གིས་ སྲིད་དོན་ཚོགས་པ་གསརཔ་སྦེ་ ཐོ་བཀོད་ཀྱི་དོན་ལས་ སྤྱི་ཟླ་༡༡ པའི་ཚེས་༣༠ ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལུ་ ཞུ་ཡིག་བཙུགས་པའི་ཤུལ་ལས་ ཀུན་གསལ་ལུ་ བཤད་ཅི། 

དྲི་བ་དྲིས་ལན་་་

ཁྱོད་ཀྱིས་ སྲིད་དོན་ཚོགས་པའི་མིང་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་ཟེར་ བཞག་དགོ་པའི་ཁུངས་ག་ཅི་ཨིན་ན?

ང་བཅས་རའི་ དཔལ་ལྡན་འབྲུག་པའི་ ལམ་སྲོལ་འདི་ རྟེན་འབྲེལ་ལུ་ མངའ་བརྙེས་མི་ཅིག་འབདཝ་ལས་ ལཱ་དང་བྱ་བ་ག་ཅི་ར་ཨིན་རུང་ གཟའ་སྐར་འཕྲོད་སྦྱོར་ལེགས་ཤོམ་ཐོག་ལུ་ འགོ་བཙུགསཔ་ཨིན། འདི་གི་ནང་དོན་ཉིད་ལས་ འབྲུག་རྒྱལ་ཁབ་སོར་སྒྱུར་འགྱོ་བའི་བསྒང་དང་ དུས་སྐབས་གསརཔ་ འགོ་བཙུགས་མི་དང་བསྟུན་ ང་བཅས་ཀྱིས་ དུས་བསྐལ་གསརཔ་འདི་ རྟེན་འབྲེལ་བཟང་པོའི་ཐོག་ལུ་ འགོ་བཙུགས་ཏེ་ གཞི་སྒྱུར་དང་བཅས་ འབྲུག་གི་གོང་འཕེལ་འདུན་ལམ་ལུ་ ཞུགས་ནི་ལུ་དམིགས་ཏེ་ཨིན།

ཁྱོད་ར་ ཤར་ཕྱོགས་ལུང་ཕྱོགས་ལས་ སྲིད་དོན་ཚོགས་པའི་ གཙོ་འཛིན་སྦེ་ ཐོན་དགོ་མིའི་ གནད་དོན་དེ་ ཁྱོད་རའི་སྲིད་ཚོགས་ཀྱི་ ཐབས་བྱུས་ཅིག་ཨིན་ན?

གནད་དོན་འདི་གི་ཐད་ལུ་ ལུང་ཕྱོགས་སྦེ་མིན་པར་ ང་ར་ འབྲུག་གི་སྲིད་དོན་ཚོགས་པ་ཅིག་གི་ ངོ་ཚབ་སྦེ་ གྲལ་གཏོགས་འབདཝ་ཨིན། བྷུ་ཊཱན་རྟེན་འབྲེལ་ཚོགས་པ་འདི་ འབྲུག་པའི་མི་སེར་གྱི་ རེ་འདོད་དང་ རྒྱལ་ཡོངས་གོང་འཕེལ་གྱི་ དམིགས་ཡུལ་འགྲུབ་ནི་གི་ དམིགས་འཆར་ཐོག་ལུ་ གཞི་བཙུགས་འབད་ཡི།

ཁྱོད་རའི་སྲིད་ཚོགས་ཀྱིས་ སྲིད་དོན་ཚོགས་པ་གཞན་ཚུ་དང་ འབྲེལ་བ་ཡོད་མི་ འདེམས་ངོ་ཕུད་རྡོག་གཅིག་ར་ མི་ལེན་ནི་སྦེ་ ཐག་བཅད་དེ་ཡོད་པའི་སྐོར་ ལོ་རྒྱུས་གོ་ཡི། དེ་སྦེ་ཨིན་པ་ཅིན་ ཁྱོད་རའི་སྲིད་ཚོགས་ནང་ འོས་ལྡན་གྱི་ འདེམས་ངོ་ག་ཅི་བཟུམ་ བཙུགས་ནི་སྨོ? སྲིད་ཚོགས་གཞན་གྱི་ འདེམས་ངོ་ཚུ་ མ་ལེན་པ་ཅིན་དང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ འདེམས་ངོའི་ཁྱད་ཚད་ཀྱི་ བཅའ་ཡིག་གསརཔ་དང་འཁྲིལཝ་ད་ ཉམས་མྱོང་དགོཔ་ལས་ ཁྱོད་ཀྱིས་འབད་བ་ཅིན་ འདེམས་ངོ་ཚངམ་སྦེ་ འཐོབ་ཚུགས་ནི་བཟུམ་ མཐོངམ་མས་ག?

འདི་མི་བདེན། ང་བཅས་ཀྱིས་ ལྕོགས་གྲུབ་དང་ འཇོན་ཐངས་ཅན་རྐྱངམ་གཅིག་མེན་པར་ ཉམ་ཆུང་དང་ དམིགས་བསལ་དུ་ སྤྱིར་བཏང་མི་སེར་གྱི་དཀའ་སྡུག་ ལེགས་ཤོམ་སྦེ་ ཧ་གོ་མི་དང་ གོ་བརྡ་སྤྲོད་ཚུགས་མི་ འདེམས་ངོ་ཚུ་བལྟ་དོ། ང་བཅས་ཀྱི་ སྲིད་ཚོགས་ནང་ འཛུལ་ནི་གི་ དང་འདོད་བསྐྱེད་མི་ ལེ་ཤ་འོངམ་མས། འདི་འབདཝ་ད་ ང་བཅས་ཀྱིས་ འདེམས་ངོ་གདམ་ཁ་རྐྱབ་ནིའི་ནང་ དྲན་ཤེས་ཀྱི་སྒོ་ལས་འབད་དོ། ང་བཅས་ལུ་ འདེམས་ཁོངས་ག་རའི་ནང་ རྒྱབ་ཁུངས་མ་འདྲཝ་ཚུ་ལས་ གཏོགས་པ་ཆ་ཚང་ཡོདཔ་མ་ཚད་ ཁོང་གིས་ ང་བཅས་རའི་ རྒྱལ་ཁབ་ཀྱི་དོན་ལུ་ དམིགས་ཡུལ་གཅིག་དང་ རྒྱལ་ཁབ་ཀྱི་ མཐའ་དོན་ལེགས་ཤོམ་སྦེ་ཧ་གོ།

འདས་པའི་བཙག་འཐུ་ཚུ་ནང་ སྲིད་དོན་ཚོགས་པ་རེ་གཉིས་ཀྱིས་ རྒྱབ་སྐྱོར་དང་ ཚོགས་རྒྱན་འཐོབ་ནིའི་དོན་ལུ་ མཚན་གནས་ལག་ལེན་འཐབ་ཡོད་པའི་སྐོར་ མི་སེར་ཚུ་གིས་ ཉོགས་བཤད་བཀོད་ནི་འདུག། ཁྱོད་རའི་ཁ་ཐུག་ལས་ ཐབས་བྱུས་ག་དེ་སྦེ་ ལག་ལེན་འཐབ་ནི་གི་ འཆར་གཞི་ཡོད? ཚོགས་པ་གཞན་ཚུ་གིས་ མིང་གནས་འཕྲོ་མཐུད་དེ་ར་ ལག་ལེན་འཐབ་པ་ཅིན་ ཁྱོད་རའི་ཚོགས་པ་གིས་ འདི་ལུ་ ངོསལེན་འབད་འབད་འོང་ག?

ང་གིས་ སྲིད་དོན་ཚོགས་པ་གཞན་ཚུ་གི་སྐོར་ལས་ སླབ་མི་ཚུགས། འདི་འབདཝ་ད་ བྷུ་ཊཱན་རྟེན་འབྲེལ་ཚོགས་པའི་ཐད་ལུ་ ང་བཅས་ཀྱིས་ སྲིད་འབྲེལ་ནང་ རྣམ་དག་ཅན་གྱི་ སྲིད་ཚོགས་ཅིག་སྦེ་ འཐོན་ཐོག་ལས་ སྲིད་ཚོགས་ཀྱི་ ཁས་བླངས་དང་ ལྟ་བ་ཚུ་ལུ་ གཙོ་བོར་བཏོན་ནི་དང་ ལྷག་པར་དུ་ རྣམ་དག་གི་སྒོ་ལས་ བཙག་འཐུ་ཚུ་ནང་ དོ་འགྲན་འབད་འོང་།

ཁྱོད་རའི་སྲིད་དོན་ཚོགས་པའི་ ཡིག་ཚང་ལྟེ་བ་འདི་ ཐིམ་ཕུག་ལུ་ གཞི་བཙུགས་འབད་ནི་ཨིན་ན་ ཡང་ཅིན་ བཀྲིས་སྒང་ལུ་བཞག་འོང་?

ང་བཅས་ཀྱི་ ཡིག་ཚང་ལྟེ་བ་འདི་ ཐིམ་ཕུག་ལས་ འཛིན་སྐྱོང་འཐབ་འོང་། འདི་འབདཝ་ད་ ང་བཅས་ཀྱིས་ འཕྲལ་མགྱོགས་ར་ ཡིག་ཚང་ཚུ་ རྫོང་ཁག་ཚུ་ནང་ གཞི་བཙུགས་འབད་འོང་།

ཁྱོད་རའི་ཚོགས་པའི་ནང་ འདེམས་ངོ་ཚུ་གི་གྲས་ལས་ ཨམ་སྲུ་དང་ ན་གཞོན་ག་དེམ་ཅིག་འོང་།

འདེམས་ངོ་ཚུ་གི་ཐད་ལུ་ ཨམ་སྲུ་འདེམས་ངོ་འཐོབ་ཚུགས་པར་ གནམ་མེད་ས་མེད་ ལཱ་ཁག་འདུག། ཨིན་རུང་ ང་བཅས་ཀྱིས་ འདེམས་ཁྲི་ཚུ་ ཕོ་མོ་དང་མི་རིགས་ལུ་ གཞི་བཞག་སྟེ་མེན་པར་ ལྕོགས་གྲུབ་དང་ གཟེངས་འཐོན་ལུ་ གཙོ་རིམ་བཟུང་སྟེ་བྱིན་འོང་།

སྲིད་དོན་ཚོགས་པ་གསརཔ་ཅིག་འབདཝ་ལས་ ཁྱོད་རའི་སྲིད་ཚོགས་ཀྱིས་ སྐུལ་བསྒྲགས་དང་ ཚོགས་པའི་ལས་སྣ་ཚུ་ལུ་ མ་དངུལ་ག་ཏེ་ལས་གཏང་ནིའི་ འཆར་གཞི་ཡོད།

ང་བཅས་ཀྱི་ ཚོགས་པ་དེ་ གསརཔ་ཨིནམ་མ་ཚད་ ད་ལྟོ་འཐུས་མི་ཡང་ ཚད་ཅིག་ལས་བརྒལ་མེདཔ་ལས་ མ་དངུལ་གྱི་ གདོང་ལེན་ཡོད་མི་ལུ་བརྟེན་ རྒྱལ་ཁམས་ཀྱི་ མ་དངུལ་ཚུལ་མཐུན་སྦེ་ ལག་ལེན་འཐབ་སྟེ་ ཕན་རླབས་ཆེ་དྲགས་འབྱུང་ཚུགསཔ་ འབད་ནི་གི་ བརྩོན་ཤུགས་བསྐྱེད་འོང་།

ཁྱོད་རའི་སྲིད་ཚོགས་ལུ་ ངོ་རྟགས་ ཡང་ཅིན་ བརྗོད་ཚིག་ཡོད་ག?

གནད་དོན་དེ་གི་སྐོར་ ང་བཅས་ཀྱིས་ བྷུ་ཊཱན་རྟེན་འབྲེལ་ཚོགས་པའི་ ཐོ་བཀོད་ཀྱི་ བྱ་རིམ་ཚུ་ མཇུག་བསྡུ་ཞིནམ་ལས་སླབ་འོང་།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *