ང་བཅས་ཀྱིས་ འོང་འབབ་བཟོཝ་དང་འབྲེལ་ ཁྲལ་ཡང་བཏབ་དགོཔ།

༉ མ་གཞི་ ཧེ་མའི་རྩིས་ལོ་༢ དང་ཕྱདཔ་ད་ རྩིས་ལོ་༢༠༡༥ དང་༢༠༡༦ ལུ་ རྒྱལ་ཁབ་ཀྱིས་ ནང་ཁྲལ་ལས་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༣ ཡར་སེང་ཐོག་ འོང་འབབ་བསྡོམས་ དངུལ་ཀྲམ་ཐེར་འབུམ་༢༨ ལྷགཔ་ཅིག་ ཐོབ་ཡོད་རུང་ ཁྲལ་བསྡུ་ལེན་ལམ་ལུགས་ ལེགས་ཤོམ་ཡོད་པ་ཅིན་ དེ་བ་ལྷགཔ་སྦེ་ ཐོབ་དགོཔ་ཅིག་ཨིན་མས།
གནད་དོན་དེ་གི་སྐོར་ལས་ དུས་ཅི་ སྤྱི་ཟླ་༦ པའི་ནང་ སྤྱི་ཚོགས་ལྷན་བཞུགས་ནང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ ལོ་བསྟར་ལས་འབྲེལ་རྩིས་ཞིབ་ཀྱི་ སྙན་ཞུ་དེ་ལུ་ དམངས་རྩིས་ཚོགས་ཆུང་གིས་ ལྟ་ཞིབ་འབདཝ་ད་ མངོན་གསལ་བྱུང་མིའི་སྐོར་ གསུང་གྲོས་གནངམ་ད་ ལོ་རྒྱུས་ཐོན་ནུག།
འབྲུག་རྒྱལ་ཁབ་རྐྱངམ་གཅིག་མེན་པར་ འཛམ་གླིང་རྒྱལ་ཁབ་ག་ཏེ་ར་འབད་རུང་ འོང་འབབ་ཀྱི་ འབྱུང་ཁུངས་ངོ་མར་ ཁྲལ་ཨིན་རུང་ ཚོང་འབྲེལ་འཐབ་མི་ མང་ཤོས་ཅིག་གིས་ར་ ཁེ་སང་ཟ་ནི་ལུ་དམིགས་ཏེ་ རང་སོའི་རྒྱུ་དངོས་དང་ འོང་འབབ་ཚུ་ དྲང་བདེན་ཐོག་ལས་ གསལ་སྟོན་མ་འབད་བར་ ཁྲལ་ལས་ཟུར་ཐབས་འབད་མི་དེ་ གདོང་ལེན་ཅན་ཅིག་ཨིན་མས།
མ་གཞི་ ཚོང་འབྲེལ་འཐབ་མི་དང་ ཚོང་བཙོང་མི་ ལས་སྡེ་ཚུ་ལས་ ཅ་ཁྲལ་དང་ བཙོང་ཁྲལ་ ནང་ཁྲལ་ལ་སོགས་པ་ བསྡུ་ལེན་འབད་ནི་གི་དོན་ལུ་ འབྲུག་གི་བཙོང་ཁྲལ་དང་ ཅ་དམ་ཁྲལ་ འབབ་ཁུངས་ཁྲལ་གྱི་བཅའ་ཁྲིམས་༢༠༠༠ ཅན་མ་དང་ བཅའ་ཡིག་ཚུ་ཡོད་རུང་ ཁེ་གྱོང་པ་ མང་ཤོས་ཅིག་གིས་ར་ ཁྲལ་བཏབ་ནི་ལས་ འཛེམ་སྡོད་མི་ལུ་བརྟེན་ རྒྱལ་ཁབ་ཀྱི་ སྤྱི་མཛོད་ལུ་ འོང་འབབ་འབོར་ཆེ་ཏོག་ཏོ་སྦེ་ ལྷན་ཐབས་འབད་མ་ཚུགས་ནི་དེ་གིས་ མི་སྡེ་དཔལ་འབྱོར་གོང་འཕེལ་དང་ གཞི་རྟེན་མཐུན་རྐྱེན་ཚུ་ མ་བཏུབ་བཏུབ་སྦེ་ གཞི་བཙུགས་འབད་ནི་ལུ་ ཐོ་ཕོགཔ་ཨིན་མས།
ད་ཚུན་གྱི་བར་ན་ ཁྲལ་ལས་འོང་འབབ་བཟོ་ཚུགས་མི་དེ་ དྲང་བདེན་ཐོག་ལས་ རྒྱུ་དངོས་གསལ་སྟོན་འབད་མི་རྐྱངམ་གཅིག་ལུ་ ཁྲལ་བཀལ་མི་ལུ་བརྟེན་ཨིན་མས།
ཨིན་རུང་ ད་ལས་ཕར་ ཚོང་འབྲེལ་འཐབ་མི་ཚུ་གིས་ ཁྲལ་འབབ་བཏབ་ནི་གི་ འོས་འབབ་ཡོད་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་འདུན་གྱིས་ ནང་འདྲེན་འཐབ་མི་ འབྲུག་མི་༡༨ ལུ་ བརྒྱུད་ཁྲལ་ལས་ ཟུར་ཐབས་འབད་བའི་ བཙོན་ཁྲིམས་དང་ ཉེས་ཆད་ཚུ་ བཀལ་མི་ལུ་བརྟེན་ ཁྲལ་ལས་ཟུར་ཐབས་འབད་མི་ཚུ་ལུ་ མནོ་བསམ་ཐེབས་གཏང་དགོ་པའི་ དྲན་གསལ་ཅིག་ཡང་ཨིན་མས།
ནང་འདྲེན་པ་ཚུ་གིས་ དངུལ་ཀྲམ་ས་ཡ་༢.༡༡༤ དེ་ཅིག་གནས་པའི་ ཚོང་ཆས་ཚུ་ལུ་ བཙོང་ཁྲལ་མ་བཏབ་པར་ སྦ་གསང་ཐོག་ ནང་འདྲེན་འབད་ཚུགས་མི་དེ་ཡང་ ཅ་དམ་ཞིབ་དཔྱོདཔ་རེ་གཉིས་ཀྱིས་ ཆ་རོགས་འབད་མི་ལུ་བརྟེན་ཨིན་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བདའ་ཟུན་མི་དེ་ ཉ་ཆུང་ཚུ་ཨིནམ་ལས་ ཉ་ཆེན་ཚུ་གིས་ དངུལ་ཀྲམ་ས་ཡ་ལས་བཅད་དེ་ ཁྲལ་མ་བཏབ་མི་ཚུ་གི་ཐད་ལུ་ལྷོདཔ་ད་ ལྟ་རྟོག་དང་ ཞིབ་དཔྱད་རྐྱབ་ནི་ཡོདཔ་ཨིན་ན་ཟེར་བའི་ དྲི་བ་ཚུ་ཡང་ བཀོདཔ་ཨིན་མས།
ཕུན་ཚོགས་གླིང་དེ་ ས་མཚམས་ཁྲོམ་སྡེ་དང་ འབྲུག་གི་ཚོང་འབྲེལ་ལྟེ་བ་སྦོམ་ཅིག་ཨིནམ་ལས་ རྒྱལ་ཁབ་ཀྱི་ འོང་འབབ་ལུ་ ལྷན་ཐབས་འབད་མི་ ཁྲོམ་སྡེ་གཙོ་ཅན་ཅིག་ཨིན་རུང་ འདས་པའི་ལོ་ངོ་དག་པ་ཅིག་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་རྐྱབ་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ཁྲོམ་དེ་ནང་ ངན་ལྷད་ཁྱབ་ཆེར་ཡོད་པའི་ མངོན་གསལ་བྱུང་ནུག།
འདི་འབདཝ་ལས་ ལྷན་ཚོགས་ཀྱིས་ ཚོང་འབྲེལ་འཐབ་མི་དང་ ཚོང་འབྲེལ་ཆོག་ཐམ་ ཕྱི་མི་ཚུ་ལུ་ གླར་སྤྱོད་འབད་བཅུག་མི་ དེ་ལས་ ཁྲལ་ལས་ཟུར་ཐབས་འབད་མི་ ལེ་ཤ་བདའ་ཟུན་ཏེ་ ཁྲིམས་ཀྱི་འདུན་སར་ བསྐྱལ་མི་དེ་གིས་ ངན་ལྷད་དུམ་གྲ་ཅིག་ མར་བབས་འགྱོ་བའི་ ལོ་རྒྱུས་གོཝ་མས།
ཨིན་རུང་ ཚོང་རྐྱབ་ད་ ཁེ་སང་ཡང་ བཟོ་ནི་དེ་ གལ་ཆེ་ནི་ཨིན་རུང་ བཅའ་ཁྲིམས་དང་ སྒྲིག་གཞི་ཚུ་དང་འཁྲིལ་ ཁྲལ་ཚུ་ཡང་ དྲང་བདེན་ཐོག་ལས་ བཏབ་དགོཔ་མ་ཚད་ ལྟ་རྟོག་དང་ ཞིབ་དཔྱད་འབད་མི་ཚུ་ཡང་ ཀུན་སྤྱོད་རྣམ་གཞག་ལེགས་ཤོམ་དགོ་ཟེར་ ཞུ་ནི་ཨིན།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *