ང་བཅས་ཀྱིས་ འཐུས་མ་ཤོར་ག?

༉ ད་ཚུན་གྱི་བར་ན་ བཀྲིས་སྒང་རྫོང་ཁག་ནང་ ལ་གོང་གསུམ་གྱི་ས་གནས་ མེ་རག་དང་སག་སྟེང་ དེ་ལས་ བསམ་གྲུབ་ལྗོངས་མཁར་གྱི་ མཐའ་ཟུར་རྒེད་འོག་ ཤིང་མཁར་ལའུ་རི་དང་ གླང་ཅན་ཕུག་ གསེར་ཐིག་ལུ་ཡོད་པའི་ གཡུས་ཚན་ཚུ་ནང་ ཉེན་སྲུང་དང་ལྡནམ་སྦེ་གནས་པའི་ ནམ་དུས་ལུ་ ནད་ཡམས་ཀོ་བིཌ་-༡༩ ཁྱབ་སྤེལ་སོང་ཡོད་མི་དེ་ལུ་ མི་ཚུ་ རྣམ་རྟོག་ལང་དགོཔ་བྱུང་ནུག།

འདི་དང་གཅིག་ཁར་ མཐའ་ཟུར་གྱི་ གཡུས་ཚན་ཚུ་ནང་ ནད་ཡམས་དེ་ ག་དེ་སྦེ་ ཁྱབ་སྤེལ་ཡར་སོཔ་ཨིན་ན་ཟེར་ དྲི་བཀོད་ཡང་འབདཝ་མས།

ཇོ་མོ་གཙང་ཁ་དྲུང་ཁག་གི་ རྒེད་འོག་གསུམ་ནང་ མི་༦༠ ལྷགཔ་ཅིག་ལུ་ ཀོ་བིཌ་-༡༩ ཐོབ་ཡོད་པའི་ ངོས་བཟུང་འབད་ཡོད་མི་ལས་ ཁ་ཙ་ མི་གྲངས་༢༥ ལུ་ ནད་རྟགས་ཡོད་པའི་ གྲུབ་འབྲས་ཐོན་མི་ཚུ་ ཧེ་མ་ སྐྱེས་ལོ་༦༠ ལང་མི་ལུ་ ནད་འབུབ་ཐོབ་མི་དང་ འབྲེལ་བ་འཐབ་མི་ཨིན་མས།

ནད་ཡམས་ཀྱི་ རྣམ་པ་དང་ ཁྱད་ཆོས་ཚུ་ མགུ་རྙོགས་དྲགས་ཨིན་རུང་ ནད་འབུབ་དེ་ གཙོ་བོ་ར་ མི་ཚུ་ལས་སྤེལཝ་ཨིནམ་ ག་ར་གིས་མ་ཤེསཔ་མེད།

ཨིན་རུང་ མཐའ་ཟུར་གྱི་ གྲོང་གསེབ་ཚུ་ནང་ལས་ཕར་ ནད་ཡམས་དེ་ ག་དེ་སྦེ་ ལྷོད་ཡོདཔ་ཨིན་ན་ ད་ལྟོའི་བར་ན་ཡང་ ཤེས་རྟོགས་བྱུང་མ་ཚུགས་པར་འདུག།

མ་གཞི་ གསོ་བའི་འགོ་དཔོན་ཚུ་གིས་ ནད་ཡམས་དར་ཁྱབ་འགྱོ་ནི་ལས་ བཀག་ཐབས་ལུ་ མི་མང་བརྟག་དཔྱད་འབད་ནི་དེ་ ཁག་ཆེཝ་ལས་ ནད་འབུབ་ག་དེ་སྦེ་ སྤེལ་ཡོདཔ་ཨིན་ན་ བལྟ་ནི་ལུ་ གཙོ་རིམ་བཟུང་ནི་མེད་ཟེར་ སླབ་ཨིན་མས།

དེ་འབདཝ་ད་ མི་ཚུ་གིས་ ནད་ཡམས་དེ་ ག་དེ་སྦེ་ ལྷོད་ཡོདཔ་ཨིན་ན་ ཤེས་འདོད་བསྐྱེདཔ་བཞིན་དུ་ ང་བཅས་ཀྱིས་བལྟ་རུང་ འབྱུང་ཁུངས་དེ་ཅིག་དགོཔ་ གལ་ཆེ་མི་དེ་ཡང་ ག་ཏེ་ལས་ཕར་ འཐུས་ཤོར་སོཔ་ཨིན་ན་དང་ ད་ལས་ཕར་ ག་དེ་སྦེ་ འབད་བ་ཅིན་ ནད་ཡམས་ཀྱི་ གནོད་ཉེན་བཀག་ཚུགས་ནི་ཨིན་ན་ ཐབས་ལམ་བཏོན་ནི་ལུ་ ལྷན་ཐབས་འབྱུང་འོང་།

ང་བཅས་ཀྱིས་ འཐུས་ཤོར་སོ་པ་ཅིན་ བསྐྱལ་ས་བསྐྱལ་འོང་ཟེར་ དྲན་གསལ་འབད་བཞིན་དུ་ཡོད་པའི་ ནམ་དུས་ལུ་ མཐའ་ཟུར་གྱི་ ས་གནས་ཚུ་ནང་ ནད་ཡམས་ཐོན་མི་དེ་ རྣམ་རྟོག་ལང་སི་སི་ཅིག་ཨིན་མས།

ད་ཚུན་གྱི་བར་ན་ སྤྱི་གཙུག་གི་ཉི་ཟླ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་འགོ་བཟུང་ གཞུང་སྐྱོང་གི་ དབུ་ཁྲིད་དང་ རྒྱལ་ཡོངས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ མི་མང་ལུ་ གཟབ་གཟབ་འབད་དགོ་པའི་ བཀའ་སློབ་དང་ དྲན་གསོ་གནང་བཞིན་དུ་ཡོདཔ་ཨིན།

ཨིན་རུང་ ད་རེས་ མཐའ་ཟུར་གྱི་ གྲོང་གསེབ་ཚུ་ནང་ ཀོ་བིཌ་-༡༩ ཁྱབ་སྤེལ་སོང་མི་དེ་ ང་བཅས་ཀྱིས་ སོ་ནམ་པ་ཚུ་ལུ་ ནད་ཡམས་ཀྱི་ གནོད་ཉེན་དང་ ཐབས་ལམ་ཚུ་ ལག་ལེན་འཐབ་དགོ་པའི་ གོ་བརྡ་མ་སྤེལཝ་ཨིན་ན? ཁོང་མི་སེར་ཚུ་གིས་ ད་རེས་ནངས་པར་ གནས་སྟངས་ཚབས་ཆེན་ཅིག་ལུ་ གྱུར་ཡོད་མི་ ཁྱིམ་མཚེས་རྒྱལ་ཁབ་ཀྱི་ མི་ཚུ་དང་ འབྲེལ་བ་འཐབ་ཡོདཔ་ཨིན་ན?

འབྲུག་གི་ས་གནས་ ཇོ་མོ་གཙང་ཁ་ལས་ བསམ་རྩེ་སིབ་སུ་ཚུན་ ཀི་ལོ་མི་ཊར་༧༠༠ དེ་ཅིག་ རྒྱ་འབྲུག་གི་ས་མཚམས་སྒོ་ཡངས་དྲགས་ཡོདཔ་ལས་ ས་མཚམས་ཀྱི་ འཛུལ་སྒོ་ཡོད་རིགས་ཡོད་ཚད་ནང་ སྒོ་བསྡམས་ཡོདཔ་མ་ཚད་ ལྟ་རྟོག་འབད་མི་ སྲུང་རྒྱབ་བཙུགས་ནི་དེ་ ལཱ་ཁག་ཡོད་རུང་ མི་ཚུ་ལུ་ གོ་བརྡ་སྤྲོད་ནི་དང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ལུ་ དབང་ཚད་ཕྱིར་སྤེལ་དང་ མི་སྡེ་ནང་ ལྟ་རྟོག་འབད་ནིའི་  འགན་ཁུར་སྤྲོད་པ་ཅིན་ ནད་ཡམས་སྔོན་འགོག་དང་ གདོང་ལེན་འབད་ནི་ལུ་ ཕན་ཁྱད་འབྱུང་ཚུགས།

ད་རེས་འབད་བའི་བསྒང་ལས་ མེ་རག་དང་ ལའུ་རི་ གསེར་ཐིག་རྒེད་འོག་ཚུ་གིས་ མཐའ་ཟུར་གཡུས་ཚན་ཚུ་ནང་ཡང་ ཁྲོམ་སྡེ་བཟུམ་སྦེ་ར་ ནད་ཡམས་ཀྱི་ ཉེན་ཁ་སྦོམ་ཡོདཔ་ ཤེས་མྱོང་བྱུང་མི་དང་འཁྲིལ་ གྲོང་གསེབ་མི་སེར་ཚུ་ལུ་ ནད་ཡམས་བཀག་ཐབས་འབད་ནིའི་ནང་ འབྲེལ་འཛིན་འབད་བཅུག་དགོཔ་བཞིན་དུ་ དེ་གི་དོན་ལུ་ ཀོ་བིཌ་-༡༩ འི་སྒྲིག་གཞི་དམ་དམ་སྦེ་ ལག་ལེན་འཐབ་བཅུག་དགོ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *