གློག་ཤུགས་སྣུམ་འཁོར་ལས་འགུལ་ མཐར་འཁྱོལ་འབྱུང་མ་ཚུགས་པར་ཡོདཔ།

༉ གཞུང་གིས་ སྤྱི་ལོ་༢༠༡༤ ལུ་ འབྲུག་འདི་ ནག་རླུང་མེད་པའི་ རྒྱལ་ཁབ་ཅིག་སྦེ་བཟོ་ནི་དང་ མཐའ་འཁོར་གནས་སྟངས་ནང་ བཙོག་རླུང་ཞུགས་མི་བཅུག་ནིའི་དོན་ལུ་ གློག་ཤུགས་སྣུམ་འཁོར་ཚུ་ ནང་འདྲེན་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།

མི་ཚུ་གིས་ གློག་ཤུགས་སྣུམ་འཁོར་ ནང་འདྲེན་འབད་བཅུག་ནིའི་ སེམས་ཤུགས་བྱིན་ཐབས་ལུ་ ཁྲལ་དགོངས་ཡངས་བཏང་ཡོདཔ་ཨིན་པས།

ཨིན་རུང་ ལས་རིམ་དེ་ རེ་བ་བསྟུན་ མཐར་འཁྱོལ་འབྱུང་མ་ཚུགས་པར་ཡོད་མི་དེ་ཡང་ སྣུམ་འཁོར་གྱི་གོང་ཚད་དང་ འཕྲུལ་ཆས་གསརཔ་དེ་ལུ་ བློ་གཏད་མ་ཚུགས་མི་ལུ་བརྟེན་ཨིནམ་ད་ ད་རེས་ རྒྱ་གར་གྱིས་བཟོ་མི་ གློག་ཤུགས་སྣུམ་འཁོར་དང་ ཇ་པཱན་གྱིས་བཟོ་མི་ ནི་ཤཱན་ ལིབ་དག་པ་ཅིག་རྐྱངམ་གཅིག་ འགྲུལ་སྐྱོད་འབད་སར་མཐོངམ་ཨིན་པས།

གཡོག་བཀོལ་འཕྲོ་འབད་མི་ གློག་ཤུགས་སྣུམ་འཁོར་ཚུ་ལུ་ ཉོགས་བཤད་ལེ་ཤ་བྱུང་སྟེ་ཡོདཔ་ད་ ད་ལྟོ་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་ལུ་ སྤྱི་ལོ་༢༠༡༤ ལས་༢༠༡༧ གྱི་ནང་འཁོད་ལུ་ གློག་ཤུགས་སྣུམ་འཁོར་ག་དེམ་ཅིག་ ནང་འདྲེན་འབད་ཡོདཔ་ཨིན་ནའི་ ཐོ་བཀོད་འབད་དེ་ མེདཔ་ཨིན་པས།

ལྷན་ཁག་གི་ འགོ་དཔོན་ཚུ་དང་འཁྲིལཝ་ད ད་ལྟོ་ རྒྱལ་ཁབ་ནང་ གློག་ཤུགས་སྣུམ་འཁོར་༡༢༨ ཡོདཔ་ད་ འདས་པའི་ལོ་༤ ནང་ སྣུམ་འཁོར་༤༡༢,༧༧༥ ནང་འདྲེན་འབད་མི་དེ་རྩིསཝ་ད་ གློག་ཤུགས་སྣུམ་འཁོར་བརྒྱ་ཆ་༠.༠༣ རྐྱངམ་གཅིག་ ཡོདཔ་ཨིན་པས།

གློག་ཤུགས་སྣུམ་འཁོར་གྱི་ གནས་སྟངས་ལུ་བལྟ་བ་ཅིན་ མི་ཕྱུགཔོ་དང་ མཁོ་སྒྲུབ་འབད་མི་ཚུ་ གླ་འཁོར་དེད་གཡོག་རྐྱངམ་གཅིག་གིས་ གློག་ཤུགས་སྣུམ་འཁོར་དེ་ མཁོ་སྒྲུབ་འབད་ཡོདཔ་བཞིན་དུ་ གདམ་ཁ་ཅན་གྱི་ སྣུམ་འཁོར་བཙོང་མི་ཚུ་གིས་ ནང་འདྲེན་འབད་དོ་ཡོདཔ་ཨིན་པས།

སྣུམ་འཁོར་ཉོ་མི་ཚུ་གིས་ ནང་འདྲེན་ཁྲལ་གྱི་ ཁེ་ཕན་ཐོབ་དོ་ཡོད་པའི་ཁར་ གླ་འཁོར་དེད་གཡོགཔ་ཚུ་གིས་འབད་བ་ཅིན་ གོང་ཚད་མར་ཕབ་ཀྱི་ འཐུས་ཐོབ་དོ་ཡོདཔ་ཨིན་པས།

གློག་ཤུགས་སྣུམ་འཁོར་གྱི་ གོང་ཚད་དེ་ཡང་ སྣུམ་འཁོར་གྱི་ ཁྱད་རྣམ་དང་འཁྲིལ་ཏེ་ དངུལ་ཀྲམ་ས་ཡ་༡.༥ ལས་༣ ཚུན་ཡོདཔ་ད་ ཀུན་གསལ་གྱིས་ སྣུམ་འཁོར་གྱི་ཇོ་བདག་ཚུ་དང་ འབྲེལ་བ་འཐབ་པའི་སྐབས་ ཁོང་གིས་ སྣུམ་འཁོར་དེ་ རྒྱབ་རྟེན་གྱི་དོན་ལུ་རྐྱངམ་གཅིག་ མཁོ་སྒྲུབ་འབད་དོ་ཟེར་ཨིན་པས།

གློག་ཤུགས་སྣུམ་འཁོར་གྱི་ལས་རིམ་ ཡར་དྲག་གཏང་ནིའི་དོན་ལུ་ ལོ་༣ གྱི་ལས་རིམ་ འབྲུག་ཡུན་བརྟན་དུག་ཉུང་སྐྱེལ་འདྲེན་ཁྲོམ་གྱི་ ལམ་ལུགས་ཅིག་ སྤྱི་ལོ་༢༠༡༩ ལུ་ གཞི་བཙུགས་འབད་ཡོདཔ་ཨིན་པས།

ལས་རིམ་དེ་གིས་ རྒྱལ་ས་ལྟེ་བ་དང་ ཉེ་འདབས་ལུ་ཡོད་པའི་ རྫོང་ཁག་ཚུ་ནང་ གཙོ་རིམ་བཟུང་ཐོག་ལས་ རྒྱལ་ཁབ་ནང་ ད་རེས་ ལག་ལེན་འཐབ་དོ་ཡོད་པའི་ གླ་འཁོར་༣༠༠ ཚབ་བཙུགས་འབད་ནིའི་ དམིགས་གཏད་ཡོདཔ་ཨིན་པས།

ལས་འགུལ་གྱིས་ གོང་ཚད་མར་ཕབ་བརྒྱ་ཆ་༢༠ (མཐོ་ཤོས་ཡུ་ཨེསི་ཌོ་ལར་༥,༥༠༠) དང་ དངུལ་འབྲེལ་ལས་ཁང་ཚུ་ནང་འབད་བ་ཅིན་ གོང་ཚད་ཕབ་ཆག་བརྒྱ་ཆ་༧༠ བྱིན་དོ་ཡོད་པའི་ཁར་ གླ་འཁོར་དེད་གཡོགཔ་ཚུ་གིས་ གོང་ཚད་ལས་ སྔོན་བྱིན་བརྒྱ་ཆ་༡༠ བྱིན་དགོཔ་ཨིན་པས།

ལས་འགུལ་དེ་ དུས་ཅི་ལས་ མཇུག་བསྡུ་ནི་ཨིན་རུང་ ལས་རིམ་དེ་ མཐར་འཁྱོལ་ཅན་ཅིག་སྦེ་ འགྱོ་མ་ཚུགས་པར་ཡོདཔ་ད་ ལས་འགུལ་བརྒྱུད་དེ་ གླ་འཁོར་དེད་གཡོགཔ་༢༠༠ དེ་ཅིག་གིས་ སྣུམ་འཁོར་མཁོ་སྒྲུབ་འབད་ནིའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།

ནད་ཡམས་དང་ སྣུམ་འཁོར་མཁོ་སྒྲུབ་ གནང་བའི་གནད་དོན་ལུ་བརྟེན་ སྣུམ་འཁོར་ཉོ་ནིའི་དོན་ལུ་ མཁོ་མངགས་གཏན་འཁེལ་༡༢༤ ཡོད་མི་ལས་༩ རྐྱངམ་གཅིག་ རྒྱལ་ཁབ་ནང་ ལྷོད་དེ་ཡོདཔ་ད་ གློག་ཤུགས་སྣུམ་འཁོར་བཙོང་མི་ ཀུན་ཕན་མོ་ཊརསི་གིས་ སླབ་མིའི་ནང་ ཤུལ་མའི་ཟླ་མཇུག་ལུ་ སྣུམ་འཁོར་༢༠ ལྷོད་ནིའི་རེ་བ་ཡོདཔ་ད་ མཁོ་མངགས་དེ་ཡང་ སྤྱི་ལོ་༢༠༢༠ ལུ་ འབད་ཡོདཔ་ཨིན་པས།

གློག་ཤུགས་སྣུམ་འཁོར་ཚུ་ལུ་ སྟབས་མ་བདེཝ་སྦོམ་ཤོས་ར་ གཞི་རྟེན་མཐུན་རྐྱེན་ཚུ་ཨིནམ་བཞིན་དུ་ ལས་འགུལ་དེ་ འགོ་བཙུགས་པའི་བསྒང་ལས་ འཕྲུལ་ལྟོ་བསྐྱར་གསོ་འབད་ས་ ལངམ་སྦེ་མེད་པའི་ གདོང་ལེན་བྱུང་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༥ ལུ་ གཞི་བཙུགས་འབད་མི་ འཕྲུལ་ལྟོ་བསྐྱར་གསོ་ལྟེ་བ་༥ ཡོདཔ་ད་ འབྲུག་ཡུན་བརྟེན་དུག་ཉུང་ཁྲོམ་ལམ་ལུགས་འོག་ལུ་ ཤར་དང་ནུབ་རྫོང་ཁག་༦ ཁྱབ་སྟེ་ ས་ཁོངས་༡༥ ནང་ འཕྲུལ་ལྟོ་བསྐྱར་གསོ་ལྟེ་བ་༢༥ སྤྱི་ཟླ་༥ པའི་ ཟླ་མཇུག་ལུ་ གཞི་བཙུགས་འབད་ནིའི་ ལས་འཆར་ཡོདཔ་ཨིན་པས།

འབྲུག་བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་ ལས་འགུལ་འཛིན་སྐྱོང་པ་ ཕུརཔ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ལས་འགུལ་ལུ་ ནད་ཡམས་དེ་གིས་ ཐོ་སྦོམ་སྦེ་ར་ ཕོག་ཡོད་པའི་ཁར་ མཁས་མཆོག་མེད་པའི་ དཀའ་ངལ་ཡང་ བྱུང་ཡི་ཟེར་ཨིན་པས།

ལྷན་ཁག་ནང་ གློག་ཤུགས་སྣུམ་འཁོར་ ལས་འགུལ་དེ་ཡང་ མི་༣ གྱིས་ འགོ་འདྲེན་འཐབ་ཡོདཔ་ད་ ལས་འགུལ་དེ་ དུས་ཅི་ མཇུག་བསྡུ་དོ་ཡོདཔ་ལས་ མ་དངུལ་གྱི་ རྒྱབ་སྐྱོར་བྱིན་མི་ ལས་སྡེ་ཚུ་གིས་ མ་དངུལ་མི་བྱིན་ནི་ཨིན་པས།

ལས་འགུལ་དེ་ འཕྲོ་མཐུད་འབད་ནིའི་དོན་ལུ་ གཞུང་གིས་ མ་དངུལ་གྱི་གྲོགས་རམ་བྱིན་མི་ ལས་སྡེ་གསརཔ་འཚོལ་དགོཔ་ད་ ལས་འགུལ་གྱི་ འཛིན་སྐྱོང་པ་སྦེ་ ཕྱག་ཞུ་མི་ ཕུརཔ་རྒྱལ་མཚན་དེ་ ལས་སྡེ་གཞན་ཁར་ གནས་སོར་འགྱོ་དོ་ཡོདཔ་ལས་ ལྷན་ཁག་གིས་ ལས་འགུལ་འཛིན་སྐྱོང་པ་ གསརཔ་འཚོལ་དགོཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ལས་འགུལ་གྱི་དོན་ལུ་ རྩ་འགེངས་ཏེ་ལཱ་འབད་རུང་ ལས་འགུལ་དེ་ མཐར་འཁྱོལ་ཅན་ཅིག་སྦེ་ འབྱུང་མ་ཚུགས་ཟེར་ཨིན་པས།

སྣུམ་འཁོར་བཏང་མི་ཚུ་གི་བསམ་འཆར།

གློག་ཤུགས་སྣུམ་འཁོར་བཏང་མི་ཚུ་གིས་ སྣུམ་འཁོར་དེ་ ལེགས་ཤོམ་འདུག་ཟེར་ཨིནམ་ད་ གླ་འཁོར་དེད་གཡོགཔ་ བཙན་སྐྱོགས་དབང་ཕྱུག་གིས་ སྤྱི་ལོ་༢༠༡༦ ལས་ གློག་ཤུགས་ནི་སཱན་ ལག་ལེན་འཐབ་ཡོདཔ་བཞིན་དུ་ ཁོ་གིས་ སྣུམ་འཁོར་དེ་ལུ་ དངུལ་ཀྲམ་༨༠༠,༠༠༠ སྤྲོད་དེ་ ཉོ་ཡོདཔ་ཨིན་པས།

བཙན་སྐྱོགས་དབང་ཕྱུག་གིས་ སྣུམ་འཁོར་བཏང་སྟེ་ ལོ་༢ ཀྱི་ནང་འཁོད་ལུ་ སྐྱིན་འགྲུལ་ག་ར་ བཏབ་ཚུགས་ཡོདཔ་བཞིན་དུ་ གློག་ཤུགས་སྣུམ་འཁོར་དེ་ ཁེ་ཕན་ཅན་འདུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།

གློག་ཤུགས་སྣུམ་འཁོར་འབྲེལ་བ་འཐབ་མི་ ཧུན་ཌའི་ཀོ་ནའི་ཇོ་བདག་གིས་ སླབ་མིའི་ནང་ ཁོ་རའི་ སྣུམ་འཁོར་དེ་ ཟླཝ་༡ ནང་ཚར་༢ ལས་བརྒལ་ བསྐྱར་གསོ་འབད་མི་དགོ་ཟེར་ཨིནམ་ད་ འཕྲུལ་ལྟོ་བསྐྱར་གསོ་ཧྲིལ་བུམ་འབདཝ་ད་ ཀི་ལོ་མི་ཊར་༣༥༠ དེ་ཅིག་ འགྲུལ་སྐྱོད་འབད་ཚུགས་ཟེར་ཨིན་པས།

སྣུམ་འཁོར་འཕྲུལ་ལྟོ་དེ་ཡང་ དུས་ཡུན་ཆུ་ཚོད་༡ ལུ་ ཀི་ལོ་ཝཱཊ་༤༠ གི་ ནུས་ཤུགས་འབདཝ་ད་ གློག་མེ་ཡུ་ནིཊ་༤༠ གི་རྩིས་ཨིནམ་ད་ འབྲུག་གློག་མེ་ལས་འཛིན་གྱིས་ ཡུ་ནིཊ་༠-༡༠༠ རེ་ལུ་ དངུལ་ཀྲམ་༡.༢༤ རྐྱངམ་གཅིག་ སླབ་དོ་ཡོདཔ་ཨིན་པས།

གློག་ཤུགས་སྣུམ་འཁོར་ ལག་ལེན་འཐབ་མི་ཚུ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ མ་གཞི་ སྣུམ་འཁོར་དེ་ ཟད་འགྲོ་ལྕི་དྲགས་གནས་ཨིན་རུང་ ཟད་འགྲོ་དེ་ ལོ་དག་པ་ཅིག་ནང་ ལོག་འཐོབ་ཚུགས་མི་དེ་ཡང་ ས་སྣུམ་བླུག་མ་དགོ་ནི་དེ་གིས་ཨིན་པས།

སྤྱི་ལོ་༢༠༡༧ དང་༢༠༢༠ འི་ནང་འཁོད་ལུ་ རྒྱལ་ཁབ་ནང་ གློག་ཤུགས་སྣུམ་འཁོར་༤༣༧ ནང་འདྲེན་འཐབ་མི་ལས་ གཞུང་དང་ གཞུང་དབང་ལས་སྡེ་ཚུ་གིས་ སྣུམ་འཁོར་༡༡༨ མཁོ་སྒྲུབ་འབད་ནུག།

གླ་འཁོར་དེད་གཡོགཔ་ཅིག་གིས་ འདས་པའི་ཟླཝ་ནང་ལས་ གློག་ཤུགས་སྣུམ་འཁོར་ ཁྱད་རྣམ་གསརཔ་ཨི་ཡུ་༥ ཟེར་མི་ མཁོ་སྒྲུབ་འབད་ཡོདཔ་ད་ འཕྲུལ་ལྟོ་ཆ་ཚང་སྦེ་ བསྐྱར་གསོ་འབད་བའི་སྐབས་ ཀི་ལོ་མི་ཊར་༤༣༥ དེ་ཅིག་ འགྲུལ་སྐྱོད་འབད་ཚུགས་ནི་ཨིན་པས།

ཁོ་གིས་འབད་བ་ཅིན་ འོང་འབབ་རྩིས་རྐྱབ་ད་ གལ་སྲིད་ ནད་ཡམས་མ་འཐོན་པ་ཅིན་ སྤྱིར་བཏང་གླ་འཁོར་ཚུ་དང་ཕྱདཔ་ད་ བརྒྱ་ཆ་༧༥ ལྷགཔ་ཅིག་ ཁེ་སང་ཡོད་རུང་ ཁོ་རའི་ གདོང་ལེན་སྦོམ་ཤོས་ཅིག་ སྐྱིན་ཚབ་བཏབ་མ་ཚུགས་མི་དེ་ཨིན་ཟེར་ ཨིན་པས།

ལས་འགུལ་དེ་ དུས་ཚོད་མ་མེན་པའི་ནང་ གཞི་བཙུགས་འབད་ཡོདཔ་ད་ གལ་སྲིད་ ནད་ཡམས་མ་འཐོན་པ་ཅིན་ ང་གིས་ འོང་འབབ་ལེ་ཤ་བཟོ་ཚུགས་ཚུགསཔ་འོང་ཟེར་ གླ་འཁོར་དེད་གཡོགཔ་གིས་ བཤདཔ་ཨིན་པས།

གླ་འཁོར་དེད་གཡོགཔ་ མང་ཤོས་ཅིག་གིས་ སླབ་མིའི་ནང་ གལ་སྲིད་ ནད་ཡམས་འཐོན་ནི་སྐོར་ལས་ ཤེས་པ་ཅིན་ མཁོ་མངགས་མ་འབདཝ་འོང་ཟེར་ཨིནམ་ད་ ཕུརཔ་རྒྱལ་མཚན་གྱིས་འབད་བ་ཅིན་ འཕྲུལ་ཆས་གསརཔ་ ཡར་དྲག་གཏང་ནིའི་དོན་ལུ་ སྣུམ་འཁོར་བཞག་སའི་འཐུས་དང་ ཐོ་བཀོད་འཐུས་ཚུ་ དགོངས་ཡངས་གཏང་ནིའི་ གྲོས་འཆར་བཙུགས་དོ་ཟེར་ཨིན་པས།

འཕྲལ་ཁམས་ཅིག་ཁར་ མཇུག་བསྡུ་མི་ འཆར་གཞི་༡༢ པའི་ བར་མཚམས་བསྐྱར་ཞུའི་ ལས་རིམ་ཅིག་ནང་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ བཤད་མིའི་ནང་ གློག་ཤུགས་སྣུམ་འཁོར་ ཉོ་ནིའི་ལས་རིམ་དེ་ གཞུང་གི་ལས་སྣ་ཅིག་ཨིནམ་ལས་ སྣུམ་འཁོར་དེ་ སྤྱི་རུབ་ཐོག་ལས་ ལག་ལེན་འཐབ་ནི་ཟེར་ཨིན་པས།

ཨིན་རུང་ ཁ་གསལ་ཚུ་ དངུལ་རྩིས་ལྷན་ཁག་གིས་ ལཱ་འབད་འོང་ཟེར་ཨིནམ་ད་ དངུལ་རྩིས་དྲུང་ཆེན་ ཉིམ་རྡོ་རྗེ་གིས་ སླབ་མིའི་ནང་ ལྷན་ཁག་གིས་ བརྟག་ཞིབ་འབད་ཞིནམ་ལས་ གྲོས་འདེབས་ཚུ་ ལྷན་རྒྱས་གཞུང་ཚོགས་ལུ་ ཕུལ་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *