གློག་ཤུགས་མེ་ག་ཝཱཊ་༧༢༠ འབད་མི་ མང་སྡེ་ཆུ་གློག་མེ་ལས་འགུལ་ གཞུང་འབྲེལ་ཐོག་ལས་ འགོ་འབྱེད་འབད་ཡོདཔ།

༉ སྤྱི་ཟླ་༨ པའི་ཚེས་༡༧ ལུ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་དང་ འབྲུག་གི་བློན་ཆེན་ ཌོག་ཊར་ བློ་གྲོས་ཚེ་རིང་༢ ཀྱིས་ སེམས་རྟོགས་ཁ་རྫོང་ནང་ལས་ གློག་ཤུགས་མེ་ག་ཝཱཊ་༧༢༠ འབད་མི་ མང་སྡེ་ཆུ་གློག་མེ་ལས་འགུལ་ འགོ་འབྱེད་གནང་མི་དེ་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ས་ཁོངས་ནང་ རྟེན་འབྲེལ་བརྩི་སྲུང་འབད་བར་ འོང་མི་ཚུ་གིས་ དངོས་མཐོང་སྦེ་ མཇལ་ཚུགས་ཡི།
མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ས་ཁོངས་ནང་ གཞལམ་སྒང་དང་ བུམ་ཐང་ དེ་བཟུམ་སྦེ་ ཀྲོང་གསར་རྫོང་ཁག་བདག་སྐྱོང་གི་ འགོ་དཔོན་དང་ ས་གནས་གཞུང་གི་འགོ་ཁྲིདཔ་ དེ་ལས་ བྲག་སྟེང་དང་ གླང་མཐིལ་གྱི་ མི་སེར་ཚུ་དང་ ཀྲོང་གསར་ཁྲོམ་གྱི་ ཚོང་པ་ཚུ་གི་ རྟེན་འབྲེལ་བརྩི་སྲུང་ནང་ བཅའ་མར་གཏོགས་ཅི།
དེ་བཟུམ་སྦེ་ ཀྲོང་གསར་རབ་སྡེ་གྲྭ་ཚང་གི་ དགེ་འདུནམ་ཚུ་གིས་ བཀྲིས་རབ་གནས་ཀྱི་ གསུང་ཆོག་ཚུ་ རྒྱས་ཤིང་རྒྱསཔ་སྦེ་གནང་ཡི།
སྐུ་མགྲོན་གཙོ་བོ་ ཀྲོང་གསར་རྫོང་བདག་ བསྟན་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ མང་སྡེ་ཆུ་གློག་མེ་ལས་འགུལ་ འགོ་འབྱེད་འབད་ཚུགས་མི་དེ་ སྤྱིར་བཏང་འབྲུག་པའི་མི་སེར་དང་ ལྷག་པར་དུ་ ཀྲོང་གསར་གྱི་དོན་ལུ་ དུས་སྟོན་སྦོམ་ཤོས་ཅིག་དང་ དཔའ་ཉམས་བསྐྱེད་པའི་ དུས་ཅིག་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལས་འགུལ་དེ་ ཟད་འགྲོ་ཉུང་སུ་དང་ དུས་ཚོད་ཁར་བསྒྲུབས་ཚུགས་མི་ དེ་བཟུམ་སྦེ་ སྤུས་ཚད་ཅན་གྱི་ ཅ་ཆས་ཚུ་ཡོདཔ་ལས་ ལུང་ཕྱོགས་ནང་ དཔེ་སྟོན་ལས་འགུལ་ཅིག་ཨིན་ཟེར་ ཨིན་པས།
མང་སྡེ་ཆུ་གློག་མེ་ལས་འགུལ་ནང་ ལས་བྱེདཔ་བརྒྱ་ཆ་༩༠ དེ་ཅིག་ འབྲུག་མི་ཚུ་ཡོདཔ་ད་ ལས་འགུལ་དེ་ལུ་བརྟེན་ འབྲུག་མི་ལས་བྱེདཔ་ཚུ་ མ་འོངས་པའི་ནང་ ལས་འགུལ་ག་ཅི་ནང་ཡང་ བཅའ་མར་གཏོགས་ཚུགས་པའི་ ཉམས་མྱོང་དང་ རིག་རྩལ་ཚུ་ ཐོབ་ཡོདཔ་ཨིན་པས།
ལས་འགུལ་དེ་ གླང་མཐིལ་རྒེད་འོག་དང་ བྲག་སྟེང་རྒེད་འོག་༢ ཀྱི་ ས་འོངས་ནང་ཨིནམ་བཞིན་དུ་ གླང་མཐིལ་རྒཔོ་ བསོད་ནམས་དོན་གྲུབ་ཀྱིས་ སླབ་མིའི་ནང་ ལས་འགུལ་དེ་ལུ་བརྟེན་ གླང་མཐིལ་ལུ་ ཧེ་མ་ཚལ་མ་ཨིན་པའི་ ས་གནས་ནང་ འཁོར་ལམ་དང་ དེ་བཟུམ་སྦེ་ ཁྲོམ་གྱི་ལམ་ཚུ་ ལེགས་བཅོས་འབད་ཡོདཔ་ལས་ ཕན་ཐོགས་སྦོམ་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལས་འགུལ་ལུ་བརྟེན་ ས་གནས་ནང་ སྡེ་རིམ་༣ པ་འབད་མི་ གཞི་རྟེན་སྨན་ཁང་གསརཔ་དང་ དངུལ་འབྲེལ་ལས་སྡེ་༣ གྱི་ ཡན་ལག་ཡིག་ཚང་ཡང་ གཞི་བཙུགས་འབད་ཡོདཔ་ལས་ ཕན་ཐོགས་སྦོམ་བྱུང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ རྟེན་འབྲེལ་མཛད་སྒོ་ནང་ བཅའ་མར་གཏོགས་མི་ གླང་མཐིལ་ལས་ བསོད་ནམས་ཀྱིས་ སླབ་མིའི་ནང་ ལས་འགུལ་དེ་ལུ་བརྟེན་ ཁོང་གི་ས་ཁོངས་ནང་ དཔལ་འབྱོར་ལུ་ ཕན་ཐོགས་སྦོམ་བྱུང་ཡི་ཟེར་ཨིནམ་ད་ དེ་ཡང་ ལས་བྱེདཔ་ཚུ་ ཁང་གླར་སྡོད་མི་དང་ མི་སེར་སོ་ནམ་པ་ཚུ་གིས་ ཐོན་རྐྱེན་ཚུ་ ཚོང་འབྲེལ་འཐབ་ཚུགསཔ་ལས་ ཕན་ཐོགས་སྦོམ་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒྱལ་རབས་ཅན་གྱི་ དུས་སྟོན་དེ་ མི་སེར་ཆ་མཉམ་གྱི་རྒྱུད་ལུ་ ནམ་ཡང་་བརྗེད་པར་ཕངས་པའི་ དུས་ཚོད་ཅིག་ཨིན་ཟེར་ཨིནམ་ད་ དེ་ཡང་ ཁོང་གི་ས་ཁོངས་ནང་ ལས་འགུལ་སྦོམ་ཅིག་ བཟོ་སྐྲུན་འབད་ཡོདཔ་མ་ཚད་ དེ་བཟུམ་གྱི་ དུས་སྟོན་ནང་ བཅའ་མར་གཏོགས་ནིའི་ གོ་སྐབས་འཐོབ་ནི་དེ་ ལཱ་ཁག་ཨིན་ཟེར་ཨིན་པས།
རྟེན་འབྲེལ་མཛད་སྒོའི་ནང་ བཅའ་མར་གཏོགས་མི་ག་ར་ སྣུམ་འཁོར་བཱསི་གི་ཐོག་ལས་ གློག་མེ་འཕྲུལ་ཁང་ནང་ ལྟ་སྐོར་འབད་བཅུག་པའི་སྐབས་ མི་སེར་ག་ར་ སྤྲོ་སྣང་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་པས།
བྲག་སྟེང་ལས་ སངས་རྒྱས་ཆོས་སྒྲོན་གྱི་ སླབ་མིའི་ནང་ རྟེན་འབྲེལ་བརྩི་སྲུང་ནང་ བཅའ་མར་གཏོགས་པར་འོང་དགོ་མི་དེ་ཡང་ གློག་མེ་འཕྲུལ་ཁང་ནང་ ལྟ་སྐོར་འབད་ནིའི་ གོ་སྐབས་འཐོབ་འོང་ཚུགས་པའི་ རེ་བ་བསྐྱེད་མི་དང་བསྟུན་ བལྟ་ནིའི་གོ་སྐབས་ཐོབ་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ མ་འོངས་པའི་ནང་ ལས་འགུལ་དེ་ འབྲུག་སླར་འབྱུང་གློག་མེ་ལས་འགུལ་ལུ་ རྩིས་སྤྲོད་འབད་ཞིནམ་ལས་ གོ་སྐབས་ག་དེ་སྦེ་ འཐོབ་འོང་ག་མ་ཤེསཔ་ལས་ ད་རེས་ཐོབ་མི་གོ་སྐབས་དེ་ འཕྲོ་བརླག་མ་གཏང་པར་ བལྟ་བར་འོང་ཡི་ཟེར་ ཨིན་པས།
མང་སྡེ་ཆུ་གློག་མེ་ལས་འགུལ་དེ་ སྤྱི་ལོ་༢༠༡༢ ཀྱི་ཟླཝ་༣ པའི་ནང་ བཟོ་སྐྲུན་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ དུས་ཅི་ སྤྱི་ཟླ་༣ པའི་ནང་ ལཱ་སྦོམ་ཚུ་ག་ར་ མཇུག་བསྡུ་ཡོདཔ་ད་ ལཱ་ཕྱམ་ཕྱིམ་ཚུ་ ལོ་༧ གྱི་ནང་འཁོད་ལུ་ མཇུག་བསྡུ་ཡོདཔ་ཨིན་པས།
མང་སྡེ་ཆུ་གློག་མེ་ལས་འགུལ་གིས་ གློག་ཤུགས་མེ་ག་ཝཱཊ་༧༢༠ ཐོན་སྐྱེད་འབད་མི་དེ་ རྒྱ་གར་ལུ་ ཕྱིར་བཙོང་འཐབ་ཞིནམ་ལས་ ལོ་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༡༢ ལྷགཔ་རེ་ བཟོ་ཚུགས་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *