རྫོང་ཁག་ཚོགས་འདུ་ནང་ བརྡ་དོན་ཡོངས་འབྲེལ་གྱི་ ཞབས་ཏོག་ལེགས་ཤོམ་མེད་པའི་སྐོར་ གྲོས་བསྡུར་འབད་བའི་བསྒང་།

གློག་རིག་ཡོངས་འབྲེལ་ཞབས་ཏོག་ ལེགས་བཅོས་ཀྱི་དོན་ལུ་ བརྒྱུད་འབྲེལ་ལྷན་ཁག་ལུ་ གྲོས་འདེབས་ཕུལ་ནི།

༉ ཀྲོང་གསར་རྫོང་ཁག་གི་ རྒེད་འོག་༥ པོ་ཆ་རའི་ནང་ གློག་རིག་ཡོངས་འབྲེལ་ལེགས་ཤོམ་མེདཔ་ལས་ མི་སེར་ཚུ་ལུ་ ཞབས་ཏོག་ལེགས་ཤོམ་སྦེ་ མཁོ་སྤྲོད་འབད་མི་ཚུགས་དོ་ཡོདཔ་ཨིན་པས།
དེ་ཡང་ རྫོང་ཁག་ཚོགས་འདུ་ཐེངས་༦ པ་ འཚོགས་པའི་སྐབས་ བྲག་སྟེང་རྒེད་འོག་གི་ རྒཔོ་ཀུན་བཟང་རྡོ་རྗེ་གིས་ གྲོས་བསྡུར་གྱི་དོན་ལུ་ གྲོས་གཞི་བཙུགས་ཡོདཔ་ད་ རྒེད་འོག་ལྟེ་བའི་ གློག་རིག་ཡོངས་འབྲེལ་དེ་ སློབ་གྲྭ་དང་ རང་བཞིན་སླར་འབྱུང་ལྟེ་བའི་ཡིག་ཚང་ མི་སྡེ་ཞབས་ཏོག་ལྟེ་བ་ཚུ་ནང་ བགོ་བཀྲམ་འབད་བའི་བསྒང་ལས་ ཡོངས་འབྲེལ་གྱི་ ཤུགས་ཚད་མེདཔ་ལས་ ཡིག་ཆ་ག་ནི་ཡང་ ཕབ་ལེན་འབད་མི་ཚུགས་པས་ཟེར་ རྒཔོ་གིས་ཞུ་ཡི།
ནུབ་སྦིས་རྒཔོ་དང་ རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ ཨྱོན་བསྟན་འཛིན་གྱིས་ སླབ་མིའི་ནང་ ནུབ་སྦིས་རྒེད་འོག་ནང་ཡང་ དཀའ་ངལ་ཡོདཔ་ལས་ ད་རེས་ནངས་པར་ གཞུང་འབྲེལ་གྱི་ ལཱ་ག་ར་ བརྡ་དོན་ཡོངས་འབྲེལ་ཐོག་ལུ་ འབད་དགོཔ་ད་ དུས་མཐུན་གྱི་ ཞབས་ཏོག་ཕུལ་མ་ཚུགས་པའི་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།
རྫོང་ཁག་གི་ བརྡ་དོན་འཕྲུལ་རིག་འགོ་དཔོན་གྱིས་ ཞུ་མིའི་ནང་ རྒེད་འོག་རེ་ལུ་ གློག་རིག་ཡོངས་འབྲེལ་གྱི་ ཤུགས་ཚད་ཨེམ་བི་བི་ཨེསི་རེ་ བྱིན་ཡོད་མི་དེ་ཡང་ ཞབས་ཏོག་མཁོ་སྤྲོད་འབད་མི་ བཀྲིས་འགྲུལ་འཕྲིན་དང་ གན་ཡིག་བཟོ་བའི་སྐབས་ ཤུགས་ཚད་ཨེམ་བི་བི་ཨེསི་༡ སྦེ་ བཟོ་ཡོདཔ་ལས་ གན་ཡིག་གྱི་ གནས་ཡུན་མ་ཚང་ཚུན་ཚོད་ ཤུགས་ཚད་འདི་ར་ ལག་ལེན་འཐབ་དགོ་ཟེར་ཨིན་པས།
ཨིན་རུང་ གན་ཡིག་གི་ གནས་ཡུན་དེ་ སང་ཕོད་སྤྱི་ཟླ་༢ པའི་ནང་ ཚང་ཞིནམ་ལས་ ཤུགས་ཚད་ཨེམ་བི་བི་ཨེསི་༡ ཐེབས་བྱིན་ནི་འོང་ཟེར་ ཁོ་གིས་ ཞུ་ཡི།
ད་རུང་ ཌི་ཇི་ཊཱལ་འབྲུག་ཡུལ་གྱི་ དམིགས་བསལ་ལས་འགུལ་ཐོག་ལས་ བརྡ་དོན་ཡོངས་འབྲེལ་གྱི་ ཞབས་ཏོག་ལེགས་བཅོས་འབད་ནིའི་ འཆར་གཞི་ཡོདཔ་ལས་ དཀའ་ངལ་སེལ་འོང་ཟེར་ བརྡ་དོན་འཕྲུལ་རིག་འགོ་དཔོན་གྱིས་ཞུ་ཡི།
ཨིན་རུང་ རྒེད་འོག་གི་ ཁྲི་འཛིན་ཚུ་གིས་ ཞུ་མིའི་ནང་ གན་ཡིག་གི་ དུས་ཡུན་ཚང་ནིའི་དོན་ལུ་ ཟླ་ངོ་༥ དེ་ཅིག་ཡོདཔ་ལས་ དེ་གི་བར་ན་ གནས་སྐབས་ཀྱི་ ཐབས་ལམ་མ་བཏོན་པ་ཅིན་ མི་སེར་ཚུ་ལུ་ ཞབས་ཏོག་ལེགས་ཤོམ་སྦེ་ མཁོ་སྤྲོད་མི་ཚུགས་འོང་ཟེར་ཨིན་པས།
སྐོར་ཕུག་གི་རྒཔོ་ སངས་རྒྱས་མཁའ་འགྲོ་གིས་ གན་ཡིག་དེ་ བཟོ་བའི་སྐབས་ སྤུས་ཚད་ལེགས་ཤོམ་མེད་པ་ཅིན་ ལེགས་བསྒྱུར་འབད་དགོཔ་སྦེ་ འཁོད་དེ་ཡོདཔ་འོང་ག་ མི་ཤེས་ཟེར་ ཞུ་བའི་ཁར་  ཞབས་ཏོག་ལེགས་བཅོས་ཀྱི་དོན་ལུ་ གན་ཡིག་གི་ གནས་ཡུན་མ་ཚང་རུང་ ཆ་མེད་གཏང་ཐོག་ལས་ དཀའ་ངལ་སེལ་དགོཔ་འདུག་ཟེར་ཞུ་ཡི།
གལ་སྲིད་ གན་ཡིག་གི་ གནས་ཡུན་མ་ཚང་ཚུན་ ཞབས་ཏོག་ལེགས་ཤོམ་ཡོད་རུང་མེད་རུང་ སྒུག་སྡོད་དགོ་པ་ཅིན་ མི་སེར་ཚུ་ ཞབས་ཏོག་ལེན་ནིའི་ནང་ ཐོ་ཕོག་འོང་ཟེར་ རྒཔོ་སངས་རྒྱས་མཁའ་འགྲོ་གིས་ ཞུ་ཡི།
གླང་མཐིལ་རྒཔོ་གིས་ཡང་ ཚ་གྱང་ཡོད་ལུགས་ ཞུ་མིའི་ནང་ ཤིང་གི་ཆོག་ཐམ་ལེན་ནིའི་དོན་ལུ་ཡང་ ཡོངས་འབྲེལ་ཐོག་ལས་ འབད་དགོ་ནི་དེ་གིས་ བརྡ་དོན་ཡོངས་འབྲེལ་མེདཔ་ད་ མི་སེར་ཚུ་ སྒུག་སྡོག་དགོཔ་ལས་ དཀའ་ངལ་གང་མགྱོགས་ སེལ་དགོཔ་འདུག་ཟེར་ཨིན་པས།
རྒེད་འོག་ནང་འཁོད་ལུ་ ཡིག་ཆ་བརྗེ་སོར་འབད་ནི་དང་ རྫོང་ཁག་དང་ གཞུང་ལྟེ་བའི་བར་ན་ ཡིག་ཆ་ག་ར་ ཡོངས་འབྲེལ་ཐོག་ལས་ བརྗེ་སོར་འབད་དོ་ཡོདཔ་ལས་ དུས་མཐུན་ཕབ་ལེན་འབད་དེ་ བལྟ་ནི་དང་ ལན་གསལ་འབད་བའི་སྐབས་ འབད་མ་ཚུགསཔ་ད་ འགོ་དཔོན་ཚུ་གིས་ ཚོགས་བརྡ་གནངམ་མས་ཟེར་ཨིན་པས།
རྒེད་འོག་ལ་ལོ་ནང་ ཐབས་ལམ་གཞན་མེད་པ་ཅིན་ རྒེད་འོག་གནང་བྱིན་མ་དངུལ་ལག་ལེན་འཐབ་ཐོག་ ཡོངས་འབྲེལ་གྱི་ ཤུགས་ཚད་ཐེབས་ཉོ་ནིའི་ གྲོས་སྟོན་ཡང་འབད་ཡོདཔ་ད་ ཚོད་རྩིས་སྟོན་པའི་སྐབས་ ཟླཝ་༥ ནང་ དངུལ་ཀྲམ་༡༣,༠༠༠ ལྷགཔ་ཅིག་ ཟད་འགྲོ་གནས་ནི་ཨིན་པས།
སྟང་སི་སྦྱིས་ཀྱི་ རྒཔོ་མགོན་པོ་རྡོ་རྗེ་གིས་ ཞུ་མིའི་ནང་ རྒེད་འོག་༢༠༥ ག་རའི་ནང་ ཡོངས་འབྲེལ་གྱི་ ཞབས་ཏོག་ལེགས་ཤོམ་མེདཔ་ལས་ རྒེད་འོག་ཚུ་གིས་ གནང་བྱིན་མ་དངུལ་ ལག་ལེན་འཐབ་ཐོག་ལས་ བརྡ་དོན་ཡོངས་འབྲེལ་གྱི་ ཤུགས་ཚད་ཉོ་ནི་མེན་པར་ བརྒྱུད་འབྲེལ་ལྷན་ཁག་ལུ་ སྙན་ཞུ་འབད་དེ་ རྒྱབ་སྐྱོར་འཚོལ་བ་ཅིན་ དྲག་འོང་ཟེར་ཨིན་པས།
རྫོང་ཁག་ཚོགས་འདུ་གིས་ གྲོས་བསྡུར་རྒྱས་པར་ གནང་པའི་ཤུལ་ལས་ བརྒྱུད་འབྲེལ་ལྷན་ཁག་ལུ་ ཐབས་ལམ་སྟོན་དགོ་པའི་ ཞུ་བ་འབད་ནི་སྦེ་ གྲོས་ཐག་བཅད་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *