ངང་ལམ་གྱི་འཐུས་མི་ ཆོས་གྲགས་རྒྱ་མཚོ།

གློག་རིག་ཡོངས་འབྲེལ་ཐོག་ལས་ ཀེ་བ་རིན་བསྡུར་ལམ་ལུགས་ གཞི་བཙུགས་འབད་ཡོདཔ།

༉ ཕུན་ཚོགས་གླིང་དང་ བསམ་གྲུབ་ལྗོངས་མཁར་གྱི་ རིན་བསྡུར་ཁང་ཚུ་ནང་ སོ་ནམ་པ་ཚུ་གིས་ རང་སོའི་ཀེ་བ་གི་ ཐོན་སྐྱེད་ཚུ་བཙོང་ནིའི་ དཀའ་ངལ་སེལ་ཐབས་ལུ་ གཞུང་གིས་ གློག་རིག་ཡོངས་འབྲེལ་ཐོག་ལས་ ཀེ་བ་རིན་བསྡུར་འབད་ནིའི་དོན་ལུ་ ན་ཧིང་ལས་ ལམ་ལུགས་ཅིག་ གཞི་བཙུགས་འབད་དེ་ ཡོད་ཟེར་ཨིན་པས།
དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་ནང་ ངང་ལམ་གྱི་འཐུས་མི་ ཆོས་གྲགས་རྒྱ་མཚོ་གིས་ ཕུན་ཚོགས་གླིང་དང་ བསམ་གྲུབ་ལྗོངས་མཁར་གྱི་ རིན་བསྡུར་ཁང་ཚུ་ནང་ ཀེ་བ་རིན་བསྡུར་འབད་མ་ཚུགས་པར་ བདུན་ཕྲག་ལས་བཅད་དེ་ བསྒུག་སྡོད་དགོཔ་བྱུང་མིའི་ དཀའ་ངལ་སེལ་ཐབས་ལུ་ གཞུང་གིས་ ཐབས་ཤེས་ག་ཅི་ར་ བཏོན་དོ་ག་ཟེར་ དྲི་བ་བཀོད་པའི་སྐབས་ སོ་ནམ་དང་ནགས་ཚལ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ ཞུ་ཡི།
ཉི་ཤུ་སྲས་ཕུག་གི་འཐུས་མི་ ཀུན་དགའ་གིས་ ཞུ་མིའི་ནང་ སོ་ནམ་པ་ཚུ་ ལོ་བསྟར་བཞིན་དུ་ ཕུན་ཚོགས་གླིང་ལུ་ ཀེ་བ་བཙོང་པར་འགྱོ་བའི་སྐབས་ དེ་འཕྲོ་ལས་ བཙོང་མ་ཚུགསཔ་ད་ ཀེ་བ་བཞག་ས་མེད་པའི་ དཀའ་ངལ་བྱུང་བཞིན་དུ་ཡོདཔ་ལས་ མ་འོངས་པ་ལུ་ མི་སེར་ཚུ་གིས་ ཀེ་བའི་ལཱ་འབད་ནི་ལུ་ སེམས་ཤུགས་བསྐྱེད་ནི་ལུ་ཡང་ ཐོ་ཕོག་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
དེ་ལས་ རྒྱལ་ཁབ་ཀྱིས་ ཀེ་བ་ཕྱིར་ཚོང་འཐབ་དོ་ཡོད་པའི་ ལམ་ལུགས་དེ་ཡང་ དུམ་གྲ་ཅིག་ ཐོ་ཕོག་ཉེན་ཡོདཔ་ད་ ད་རེས་ སོ་ནམ་པ་ཚུ་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་མ་ཚུགས་པར་ ཟླཝ་ལས་བཅད་དེ་ བསྒུག་སྡོད་དགོཔ་བྱུང་བའི་ཁར་ གལ་སྲིད་ བཙོང་ཚུགས་ཏེ་འབད་རུང་ ཏི་རུ་མ་ཐོབ་པའི་ དཀའ་ངལ་བྱུང་སྟེ་འདུག་ཟེར་ ཀུན་དགའ་གིས་ ཞུ་ཡི།
སོ་ནམ་བློན་པོ་གིས་ ཞུ་མིའི་ནང་ སོ་ནམ་པ་ཚུ་གིས་ ཀེ་བ་ཚོང་འབྲེལ་འཐབ་པའི་སྐབས་ དཀའ་ངལ་མི་འབྱུང་ནིའི་དོན་ལུ་ གཞུང་གིས་ ལཱ་ཚུ་འབད་བཞིན་དུ་ཡོད་པའི་གྲས་ལས་ སྤྱི་ལོ་༢༠༡༦ ལས་འགོ་བཙུགས་ཏེ་ ཀེ་བ་ཚུ་ ཡོངས་འབྲེལ་ཐོག་ལས་ རིན་བསྡུར་འབད་ནིའི་དོན་ལུ་ ལམ་ལུགས་ཅིག་ གཞི་བཙུགས་འབད་དེ་ ཡོད་ཟེར་ཨིན་པས།
ལམ་ལུགས་དེ་གི་ཐོག་ལས་ ན་ཧིང་ ཀེ་བ་སྣུམ་འཁོར་ཊཱག་༡༠༠ ལས་བརྒལ་ རིན་བསྡུར་འབད་མ་ཚུགས་རུང་ ད་རེས་ ཊཱག་༣༠༠ དེ་ཅིག་ རིན་བསྡུར་འབད་ནུག་ཟེར་ཨིནམ་ད་ ལམ་ལུགས་དེ་གི་སྐོར་ལས་ སོ་ནམ་པ་ཚུ་ལུ་ གོ་བ་བརྡ་སྤྲོད་ལེགས་ཤོམ་འབད་བ་ཅིན་ ད་རེས་བཟུམ་སྦེ་ རིན་བསྡུར་ཁང་ནང་ལས་ཕར་ མི་སེར་ཚུ་ བསྒུག་སྡོད་དགོཔ་ མི་འཐོན་ཟེར་ སོ་ནམ་བློན་པོ་གིས་ ཞུ་ཡི།
དེ་ལས་ ཀེ་བ་ཚོང་འབྲེལ་འཐབ་པའི་སྐབས་ དཀའ་ངལ་སེལ་ཐབས་ལུ་ རྫོང་ཁག་ཚུ་ནང་ ཀེ་བའི་མཛོད་ཁང་ཚུ་ རྐྱབ་ནིའི་ འཆར་གཞི་ཡོདཔ་བཞིན་དུ་ ཐིམ་ཕུག་དང་ མོང་སྒར་ དེ་ལས་ སྤ་རོ་རྫོང་ཁག་ཚུ་ནང་ རྐྱབ་ཚར་ཏེ་ཡོད་ཟེར་ ཞུ་ཡི།
དེ་བཟུམ་སྦེ་ ཕྱིའི་མ་རྩ་བཙུགས་མི་ ནོརཔ་བྷུ་ཊཱན་དེ་གིས་ཡང་ ནོར་བུ་སྡིངས་ལུ་ ཁ་ཟས་འཕྲུལ་ཁང་སྦོམ་ཅིག་ རྐྱབ་དོ་ཟེར་ཨིནམ་ད་ འཕྲུལ་ཁང་དེ་ རྐྱབ་ཚར་བའི་བསྒང་ལས་ ལོ་བསྟར་བཞིན་དུ་ ཀེ་བ་མི་ཊིཊ་ཊཱོན་༢,༠༠༠ དེ་ཅིག་ དགོཔ་འཐོན་ནི་ཨིནམ་མ་ཚད་ གྲོང་གསེབ་ཚུ་ནང་ ཀེ་བའི་ཁ་ཟས་ཀྱི་ ཚོང་ཁང་ཆུང་ཀུ་ཚུ་ བཙུགས་མི་དེ་གིས་ཡང་ ཀེ་བ་བཙོང་ནི་ལུ་ དཀའ་ངལ་སེལ་ཐབས་འབད་ཚུགས་ཟེར་ སོ་ནམ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ ཞུ་ཡི།
ཀེ་བ་ཚོང་འབྲེལ་འཐབ་སའི་ ས་གོ་གཅིག་ སློབ་གྲྭ་ཚུ་ཨིནམ་ལས་ ད་ལྟོ་ སློབ་གྲྭ་༡༣༦ དེ་ཅིག་ནང་ གཏན་འཇགས་ཀྱི་ ཚོད་བསྲེའི་རིགས་ཚུ་ བཙོང་སའི་ས་གོ་ཅིག་སྦེ་ ངོས་འཛིན་འབད་ཡོདཔ་མ་ཚད་ སློབ་གྲྭ་ལྟེ་བ་ཚུ་ནང་ ཀེ་བ་བཙོང་ཚུགས་པ་ཅིན་ ཕུན་ཚོགས་གླིང་ལུ་ ཀེ་བ་བཙོང་པར་འབག་མི་བརྒྱ་ཆ་༤༠ དེ་ཅིག་ དཀའ་ངལ་སེལ་ཐབས་ འབད་ཚུགས་ཟེར་ཨིན་པས།
སོ་ནམ་བློན་པོ་ ཞུ་མིའི་ནང་ རྒྱལ་ཁབ་ནང་ གྲོང་གསེབ་ཁྱིམ་གུང་པ་༦༡,༣༩༣ ཡོད་མིའི་གྲས་ལས་ གུང་པ་༢༠,༠༠༠ དེ་ཅིག་ འཚོ་བ་ཀེ་བ་ལུ་བརྟེན་སྡོད་མི་ཚུ་ཨིནམ་ད་ ཀེ་བའི་ཐོན་ཤུགས་ མཐོ་ཤོས་ར་ སྤྱི་ལོ་༢༠༠༦ ལུ་ ཀེ་བ་མི་ཊིག་ཊཱོན་༧༠,༠༠༠ དེ་ཅིག་ ཐོན་སྐྱེད་འབད་བའི་ཤུལ་ལས་ སྤྱི་ལ་༢༠༡༧ ལུ་ མི་ཊིཊ་ཊཱོན་༦༢,༠༠༠ དེ་ཅིག་ ཐོན་སྐྱེད་འབད་ཚུགས་ཏེ་ཡོད་ཟེར་ ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༡༦ ལུ་ ཀེ་བ་མི་ཊིག་ཊཱོན་༥༨,༠༠༠ དང་༢༠༡༥ ལུ་ མི་ཊིཊ་ཊཱོན་༥༤,༠༠༠ དེ་ལས་ སྤྱི་ལོ་༢༠༡༢ ལུ་ མི་ཊིག་ཊཱོན་༤༦,༠༠༠ ཐོན་སྐྱེད་འབད་ཡོདཔ་ལས་ སྤྱི་ལོ་༢༠༡༢ ལས་༢༠༡༧ གྱི་བར་ན་ ཀེ་བ་མི་ཊིག་ཊཱོན་༡༦,༠༠༠ དེ་ཅིག་ ཡར་སེང་སོང་མི་དེ་ སྣུམ་འཁོར་ཊཱཊ་གི་ལུ་ རྩིས་ཕབ་པ་ཅིན་ སྣུམ་འཁོར་ཊཱག་༢,༠༠༠ དེ་ཅིག་ ཨིན་མས་ཟེར་ཨིན་པས།
དེ་འབདཝ་ལས་ ད་རེས་ནངས་པར་ རིན་བསྡུར་ཁང་ཚུ་ནང་ ཀེ་བའི་དཀའ་ངལ་ཐོན་མི་དེ་ཡང་ དེ་ལུ་བརྟེན་ མེན་ན་ཟེར་ཨིནམ་ད་ གཞུང་གིས་ ཀེ་བའི་ཐོན་སྐྱེད་ལུ་ གཙོ་རིམ་བཟུང་ཐོག་ལས་ འཆར་གཞི་༡༡ པའི་ནང་ཡང་ ལས་སྣ་གཙོ་རིམ་ཅན་སྦེ་ བཞག་ཐོག་ལས་ ལཱ་འབད་དེ་ཡོད་ཟེར་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ སོ་ནམ་ཞིང་ལམ་ཚུ་ རྒེད་འོག་གིས་མ་ཚད་ སྤྱི་འོག་ཚུ་ནང་ཡང་ སེལ་ཡོད་ནི་དེ་གིས་ སོ་ནམ་པ་ཚུ་ལུ་ རང་སོའི་སོ་ནམ་གྱི་ ཐོན་ཤུགས་ཚུ་ ཚོང་འབྲེལ་འཐབ་ནི་ལུ་ ལྷན་ཐབས་བྱུང་སྟེ་ ཧེ་མ་ ཀེ་བ་ཚུ་ བསམ་གྲུབ་ལྗོངས་མཁར་དང་ ཕུན་ཚོགས་གླིང་གི་ རིན་བསྡུར་ཁང་ནང་ འབག་མ་ཚུགས་མི་ཡང་ ད་རེས་ འབད་ཚུགས་ཏེ་ ཁེ་ཕན་སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་ སོ་ནམ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ ཞུ་ཡི།
སོ་ནམ་པ་ལུ་ རྒྱལ་ཁབ་ཀྱི་ ལོ་བསྟར་མ་དངུལ་ཚུ་ཡང་ རྒྱ་ཆེ་དྲགས་སྦེ་ར་ བཏང་མི་ལུ་བརྟེན་ ཀེ་བའི་ཐོན་ཤུགས་ཚུ་ ཡར་འཕར་སོང་ཡོདཔ་མ་ཚད་ གྲོང་གསེབ་ཚོང་ལས་གོང་འཕེལ་ལྟེ་བ་གིས་ ཀེ་བ་འཛུགས་སྐྱོང་འབད་ནི་ལུ་ སྐྱིན་འགྲུལ་ལེན་མི་༡༠༠ དེ་ཅིག་ འདུག་ཟེར་ཨིན་པས།
དེ་མ་ཚད་ སོ་ནམ་ལྷན་ཁག་གི་ཁ་ཐུག་ལས་ སོ་ནམ་པ་ཚུ་ལུ་ ཞིང་རྨོ་འཕྲུལ་ པ་ཝར་ཊི་ལར་ཚུ་ བགོ་བཀྲམ་འབད་བའི་ཁར་ སྤྱི་ལོ་༢༠༡༤-༡༥ ལུ་ ཐོན་ཤུགས་སྦོམ་ཡོད་མི་ ཀེ་བའི་སོན་དམརཔོ་དང་ དཀརཔོ་ཚུ་ བགོ་བཀྲམ་འབད་མི་ལུ་བརྟེན་ ཀེ་བའི་ཐོན་ཤུགས་ལུ་ ལྷན་ཐབས་བྱུང་ཚུགས་ནུག་ཟེར་ཨིན་པས།
སོན་དམརཔོ་དེ་ཡང་ ལོ་༣ གྱི་ནང་འཁོད་ལུ་ ཞིབ་འཚོལ་བཟུམ་ཅིག་སྦེ་ ས་གོ་༤༠ ནང་ འཛུགས་སྐྱོང་འབདཝ་ད་ ས་ཆ་ཨེ་ཀར་རེ་ནང་ མི་ཊིག་ཊཱོན་༡༦-༡༧ བར་ན་ ཐོན་སྐྱེད་འབད་ཚུགས་དོ་ཡོདཔ་ད་ ཧེ་མའི་ ཀེ་བའི་སོན་དེ་གིས་ ཨེ་ཀར་རེ་ལུ་ མི་ཊིག་ཊཱོན་༤ ལས་བརྒལ་ ཐོན་སྐྱེད་འབད་མི་ཚུགས་དོ་ཡོདཔ་བཞིན་དུ་ ཀེ་བ་དཀརཔོ་དེ་གིས་ ཨེ་ཀར་རེ་ནང་ ཊཱོན་༡༥-༢༥ བར་ན་ ཐོན་སྐྱེད་འབད་ཚུགས་པས་ཟེར་ སོ་ནམ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ ཞུ་ཡི།
ད་རེས་ནངས་པར་ ཀེ་བ་དམརཔོ་གིས་ གོང་ཚད་མཐོ་དྲགས་སྦེ་ ཐོབ་མི་ལུ་བརྟེན་ མི་སེར་ཚུ་གིས་འབད་རུང་ དེ་ར་ གདམ་ཁ་རྐྱབ་དོ་ཡོདཔ་ད་ ལོ་༡ དང་༢ ཀྱི་ནང་འཁོད་ལུ་ ཀེ་བའི་ཐོན་ཤུགས་ཐད་ཁར་ ད་རེས་ལྷག་སྟེ་ ཡར་འཕར་གཏང་ནིའི་ གོ་སྐབས་སྦོམ་ཡོད་ཟེར་ ཞུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *