གློག་རིག་མཉེན་ཆས་ཀྱིས་ དངུལ་འབྲེལ་ཞབས་ཏོག་ཚུ་ནང་ ལྷན་ཐབས་འབད་ནི།

༉ རྒྱལ་ཁབ་ནང་ དངུལ་འབྲེལ་གྱི་ ཞབས་ཏོག་ཡར་དྲག་གཏང་ནིའི་དོན་ལུ་ ཁ་ཙ་ ཐིམ་ཕུག་ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ དངུལ་འབྲེལ་གཙུག་སྡེ་ཆུང་བ་གཉིས་ཀྱིས་ མཉམ་འབྲེལ་ཐོག་ལས་ འབྲུག་མའི་ཀོ་རོ་ཕིན་ཟེར་མི་ གློག་རིག་མཉེན་ཆས་གསརཔ་ཅིག་ འགོ་འབྱེད་འབད་ཡི།
མཉེན་ཆས་ཐོག་ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དངུལ་འབྲེལ་གཙུག་སྡེ་ཚུ་གིས་ ཡིག་ཚང་ལྟེ་བ་དང་ ཡན་ལག་ཡིག་ཚང་ དེ་ལས་ གྲོང་གསེབ་ཚུ་ནང་ སྐྱིན་འགྲུལ་ག་དེ་སྦེ་ བྱིན་ཡོདཔ་ཨིན་ན་དང་ དངུལ་འབྲེལ་གཙུག་སྡེ་ཆུང་བ་ཚུ་གིས་ སྐྱེད་མར་ཕབ་ཐོག་ལས་ བྱིན་ཚུགས་ནི་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་སྤྱི་འཛིན་ དྲགོས་དཔལ་འབྱོར་གྱིས་ སླབ་མིའི་ནང་ མཉེན་ཆས་གསརཔ་དེ་གིས་ དངུལ་འབྲེལ་ལས་ཁང་ཆུང་བ་ཚུ་ལུ་ ཁེ་ཕན་སྦོམ་སྦེ་ར་ འབྱུང་ཚུགས་ཟེར་ཨིནམ་ད་ ད་རེས་ དབང་འཛིན་གྱིས་ ལས་ཁང་ཚུ་ལུ་ མཉེན་ཆས་ཀྱི་ རྒྱབ་སྐྱོར་ཐོག་ལས་ སྐྱིན་འགྲུལ་བྱིན་པའི་སྐབས་ སྐྱེད་བརྒྱ་ཆ་༥ དེ་ཅིག་ མར་ཕབ་འབད་ཚུགས་ཟེར་ཨིན་པས།
དེ་མ་ཚད་ དངུལ་འབྲེལ་ལས་ཁང་ཆུང་བ་ གསརཔ་ཚུ་གི་དོན་ལུ་ཡང་ ལམ་ལུགས་དེ་ གལ་གནད་ཅན་ཅིག་ཨིནམ་བཞིན་དུ་ ལས་ཁང་ནང་འཁོད་ལུ་ མཉེན་ཆས་དེ་ གཅིག་མཚུངས་སྦེ་ ལག་ལེན་འཐབ་ཚུགས་ཟེར་ཨིན་པའི་ཁར་ དེ་གིས་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་འབད་བ་ཅིན་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་ཟེར་ཨིན་པས།
དྲགོས་དཔལ་འབྱོར་གྱིས་ བཤད་མིའི་ནང་ ལམ་ལུགས་དེ་གིས་ ཉིན་བསྟར་བཞིན་དུ་ སྐྱིན་འགྲུལ་ལེན་མིའི་ སྐྱེད་ཀྱི་ཚད་གཞི་ལ་སོགས་པ་ཚུ་ ལྟ་རྟོག་འབད་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ཟེར་ཨིནམ་ད་ དབང་འཛིན་དེ་ དངུལ་འབྲེལ་ལས་ཁང་ག་ར་ ཚད་འཛིན་འབད་མི་ཨིནམ་ལས་ ལས་ཁང་ག་ར་ ལེགས་ཤོམ་སྦེ་ ལག་ལེན་འཐབ་ཚུགསཔ་ བཟོ་དགོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དངུལ་འབྲེལ་ལས་ཁང་ཚུ་ གཞི་བཙུགས་འབད་བའི་སྐབས་ ལས་ཁང་ཚུ་གི་བར་ན་ དམིགས་གཏད་ཚུ་ གཅིག་མཚུངས་མི་འགྱོ་ནིའི་དོན་ལུ་ རང་སོའི་དམིགས་གཏད་ཚུ་ དགོ་ཟེར་ཨིནམ་ད་ དཔེར་ན་ ཨམ་སྲུ་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་གིས་ དཀའ་ངལ་ཅན་གྱི་ ཨམ་སྲུ་ཚུ་ལུ་ གཙོ་རིམ་བཟུང་དོ་ཡོད་པའི་ཁར་ གྲོང་གསེབ་ཚོང་ལས་ལྟེ་བ་གིས་ གྲོང་གསེབ་ཀྱི་ མི་སེར་ཚུ་ལུ་ སོ་ནམ་དང་འབྲེལ་བའི་ སྐྱིན་འགྲུལ་ཚུ་ བྱིན་དོ་ཟེར་ཨིན་པས།
སྤྱི་འཛིན་གྱིས་ བཤད་མིའི་ནང་ འཕྲལ་མགྱོགས་ར་ རྒྱལ་པོའི་ཡིག་ཚང་ནང་ཡང་ དངུལ་འབྲེལ་ལས་ཁང་ཆུང་བ་ཅིག་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོདཔ་ད་ ལས་ཁང་དེ་གིས་ དམག་མི་བགྲེསཔ་དང་ ཁོང་གི་ ཨམ་སྲུ་ དེ་ལས་ གཞིས་གསར་ལས་རིམ་གྱི་ མི་སེར་ཚུ་ལུ་ སྐྱིན་འགྲུལ་ཞབས་ཏོག་ཚུ་ བྱིན་ཚུགས་ཟེར་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ དངུལ་འབྲེལ་ལས་ཁང་ཆུང་བ་ཚུ་ གཞི་བཙུགས་འབད་མི་དེ་ཡང་ ནང་བཟོ་དང་ བཟོ་གྲྭ་ཆུང་བ་ཚུ་ གོང་འཕེལ་གཏང་ཐབས་ལུ་ དམིགས་ཏེ་ཨིནམ་ད་ དེ་གིས་ ནང་འཁོད་ཐོན་སྐྱེད་དང་ ལཱ་གཡོག་ཚུ་ བྱིན་ཚུགས་ནི་ཨིན་པས།
དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ དཔལ་འབྱོར་ལེགས་བསྒྱུར་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་དགོ་པ་ཅིན་ རྒྱལ་ཁབ་ནང་ དངུལ་འབྲེལ་གྱི་ཞབས་ཏོག་དེ་ ཡར་དྲག་གཏང་དགོཔ་ཁག་ཆེ་ཟེར་ཨིན་པས།
དངུལ་ཀྲམ་ས་ཡ་༡༠.༣༢ ཟད་འགྲོ་བཏང་ཐོག་ལས་བཟོ་མི་ མཉེན་ཆས་དེ་གིས་ དམིགས་བསལ་དུ་ ལས་ཁང་ཚུ་གིས་ གྲོང་གསེབ་ནང་ དངུལ་འབྲེལ་ཞབས་ཏོག་ མཁོ་སྤྲོད་འབད་ནི་ཚུ་ ལྟ་རྟོག་འབད་ཚུགས་ནི་ཨིན་པས།
འབྲུག་ཨམ་སྲུ་ཚོང་ལས་ཚོགས་སྡེ་དེ་ ལམ་ལུགས་ལག་ལེན་འཐབ་མི་ འགོ་དང་པ་ཨིནམ་བཞིན་དུ་ དབང་འཛིན་གྱིས་ ལས་ཁང་ཆུང་བ་དང་ ནང་བཟོ་དང་བཟོ་གྲྭ་ཆུང་བ་ཚུ་གིས་ཡང་ ལམ་ལུགས་དེ་ ལག་ལེན་འཐབ་དགོ་པའི་ སེམས་ཤུགས་བསྐྱེད་བཅུག་དོ་ཡོདཔ་ཨིན་པས།
དེ་མ་ཚད་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་དང་ གྲོང་གསེབ་ཚོང་ལས་གོང་འཕེལ་ལས་འཛིན་ དེ་ལས་ ཊཱ་ར་ཡ་ན་གཞི་ཚོགས་ཚུ་ དངུལ་འབྲེལ་ལས་ཁང་ཆུང་བ་སྦེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་ནང་ ཐོ་བཀོད་འབད་དེ་ཡོདཔ་ལས་ ལས་ཁང་ཚུ་གིས་ འཕྲལ་མགྱོགས་ར་ ལམ་ལུགས་དེ་ ལག་ལེན་འཐབ་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *