འབྲུག་གློག་མེ་ལས་འཛིན་ཡིག་ཚང་ལྟེ་བ།

གློག་མེའི་སྤྱོད་འཐུས་ མཐོ་སུ་ཐོན་མི་ལུ་ མི་ཚུ་རྣམ་རྟོག་ལང་ཡོདཔ།

༉ ཐིམ་ཕུག་ལུ་སྡོད་མི་ མང་ཤོས་ར་ འགྲོ་འགྲུལ་བཀག་དམ་ཐེངས་གཉིས་པ་ མཇུག་བསྡུ་བའི་ཤུལ་ལས་ གློག་མེའི་སྤྱོད་འཐུས་དེ་ ལོག་ལྟབ་གསུམ་ལྟབ་ཀྱིས་ ཡར་སེང་སོང་ཡོད་པའི་ རྩིས་བཱིལ་བཏོན་མི་ལུ་ རྣམ་རྟོག་ལང་ཡོདཔ་ཨིན་པས།

ཧེ་མ་ ཟླཝ་རེ་ལུ་ དངུལ་ཀྲམ་༡༠༠༠དེ་རེ་ བཏབ་དོ་ཡོད་མི་ཚུ་གིས་ དངུལ་ཀྲམ་༦༠༠༠དེ་རེ་ བཏབ་དགོཔ་བྱུང་ཡོདཔ་ ལས་ ག་དེ་སྦེ་ ཡར་སེང་སོང་ཡོདཔ་ཨིན་ན་ཟེར་བའི་ ཉོགས་བཤད་ཚུ་ བཀོད་དོ་ཡོདཔ་ཨིན་པས།

བར་སྦིས་ས་ལུ་སྡོད་མི་ཅིག་གིས་ སླབ་མིའི་ནང་ ན་ཧིང་ སྤྱི་ཟླཝ་༡༢ པའི་ནང་ གློག་མེ་སྤྱོད་འཐུས་ དངུལ་ཀྲམ་༧༠༠༠ཐོན་མི་ལུ་ རྣམ་རྟོག་ལང་ཡི་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ འདས་པའི་ཟླཝ་ནང་ དངུལ་ཀྲམ་༥༠༠དང་༡༠༠༠གི་བར་ན་རྐྱངམ་གཅིག་ ཐོན་ཡོད་ཟེར་ཨིནམ་ད་ ཞི་ གཡོགཔ་ཅིག་གིས་སླབ་མིའི་ནང་ སྤྱོད་འཐུས་དངུལ་ཀྲམ་༥༠༠༠ཐོན་ཡོདཔ་ལས་ གློག་མེ་ལས་འཛིན་ཡིག་ཚང་ལུ་ ཉོགས་བཤད་བཀོད་ཡོད་རུང་ ཁོང་གིས་ འགྲོ་འགྲུལ་བཀག་དམ་སྐབས་ ལས་མི་ཚུ་གིས་ སྤྱོད་འཐུས་ཚུ་བལྟ་བར་ ལྷོད་མ་ཚུགསཔ་ལས་ འདས་པའི་ཟླཝ་གསུམ་གྱི་ སྤྱོད་འཐུས་ཚུ་དཔྱ་སྙོམས་འབད་དེ་ ཉུང་ཤོས་དེ་ བཏབ་བཅུག་ཡོདཔ་སྦེ་ དོགས་སེལ་འབད་ཡོད་རུང་ དེ་གིས་ བསམ་པ་རྫོགས་པའི་ ལན་ཅིག་མ་ཐོབ་པས།

གློག་མེ་ལས་འཛིན་གྱི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ འགྲོ་འགྲུལ་བཀག་དམ་གྱི་སྐབས་ གློག་སྤྱོད་ཀྱི་འཕྲུལ་ཆས་ མི་ཊར་ཚུ་ བལྟ་བར་འགྱོ་མ་ཚུགསཔ་ལས་ དཔྱ་སྙོམས་ཀྱི་རྩིས་རྐྱབ་མི་དེ་གིས་ ཤུལ་ལས་ཀྱི་ཟླཝ་ནང་ མཐོ་སུ་སྦེ་ ཐོན་ནུག་ཟེར་ཨིན་པས།

ཞབས་ཏོག་བཀྲམ་སྤེལ་ལས་ཁུངས་ཀྱི་མདོ་ཆེན་ སཱན་དིབ་རའི་གིས་ སླབ་མིའི་ནང་ འགྲོ་འགྲུལ་བཀག་དམ་སྐབས་ མི་ཊར་ལྟ་མི་ཚུ་གིས་ འགྱོ་མ་ཚུགསཔ་ལས་ རྒྱལ་སྤྱིའི་ནང་འབད་སྲོལ་ཡོད་མི་ དཔྱ་སྙོམས་ཀྱི་ རྩིས་རྐྱབ་ཐངས་དེ་ ལག་ལེན་འཐབ་ཅི་ཟེར་ ཨིན་པས།

ཁོ་གིས་སླབ་མིའི་ནང་ དཔྱ་སྙོམས་རྩིས་རྐྱབ་ཐངས་དེ་ འགྲོ་འགྲུལ་བཀག་དམ་དང་པའི་ནང་ཡང་ འབད་ཡོད་རུང་ དེ་སྐབས་ གནམ་དགུན་འབདཝ་ལས་ གློག་མེ་སྤྱོད་དགོ་པའི་ལཱ་ ཉུང་སུ་ལས་མེདཔ་ལས་ ཉོགས་བཤད་བཀོད་མི་དེ་ཅིག་ མ་འཐོན་རུང་ ད་ལྟོ་ གནམ་དགུན་བསིལ་དྲགས་ཡོད་པའི་ཁར་ ཞག་༤༢ དེ་ཅིག་ ཁྱིམ་ནང་སྡོད་དགོ་ནི་དེ་གིས་ གློག་མེ་སྤྱོད་ནི་ ཡར་སེང་འགྱོ་ནི་དེ་གིས་ འཐུས་མཐོ་སུ་སྦེ་ ཐོན་ཐོནམ་བཟུམ་ཚོར་ཏེ་ ཉོགས་བཤད་བཀོདཔ་མས་ཟེར་ཨིན་པས།

གློག་མེ་ལས་འཛིན་གྱི་ བསྡུ་སྒྲིག་འབད་མི་དང་འཁྲིལཝ་ད་ གློག་མེ་སྤྱོད་མི་མཐོ་ཤོས་ར་ སྤྱི་ཟླ་༡༢ པའི་ཚེས་༢༨ ལུ་ མེ་ག་ ཝཱཊ་༧༠.༥༤ དེ་ཅིག་ཡོད་མི་དེ་ ཉིནམ་གསུམ་དེ་ཅིག་སྡོད་པའི་ཤུལ་ལས་ མར་བབས་སོང་ནུག་ཟེར་ཨིན་པས།

སྤྱི་ལོ་༢༠༡༩ ཟླ་༡༢ པའི་ནང་ གློག་མེ་སྤྱོད་མི་ དཔྱ་སྙོམས་མཐོ་ཤོས་ར་ མེ་ག་ཝཱཊ་༦༥ སྡོད་ནུག་ཟེར་ཨིནམ་ད་ རྒྱལ་སྤྱི་ ནང་ རྩིས་རྐྱབ་སྲོལ་ཡོད་མི་དེ་ སྤྱིར་བཏང་གི་ ལམ་ལུགས་དྲག་ཤོས་ཨིན་ཟེར་ཨིན་པས།

མདོ་ཆེན་གྱིས་སླབ་མིའི་ནང་ དཔྱ་སྙོམས་འབད་དེ་ རྩིས་རྐྱབ་མི་དེ་གིས་ ལས་འཛིན་དང་སྤྱོད་མི་གཉིས་ཆ་ར་ལུ་ ཁེ་ཕན་ཡོད་ཟེར་ ཨིན་པས།

ཁོ་གིས་སླབ་མིའི་ནང་ ཐིམ་ཕུག་ལུ་སྡོད་མི་ མང་ཤོས་ཀྱིས་ སྤྱིར་བཏང་ལུ་ གློག་མེ་མཐོ་སུ་སྤྱོད་མི་ཨིན་ཟེར་ བཤད་ཡོདཔ་ད་ ཧེ་མ་ལས་ ཉུང་སུ་ལས་སྤྱོད་ནི་མེད་མི་ཚུ་གིས་ བཱིལ་མཐོ་སུ་སྦེ་ཐོན་མི་ཚུ་ ཉོགས་བཤད་བཀོད་པར་འོངམ་ད་ དུམ་གྲ་རེ་ ཕབ་ཆག་བྱིན་དོ་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *