གློག་མེའི་མི་ཊར་ ཚུལ་མཐུན་བལྟ་དགོཔ།

༉ ཐིམ་ཕུག་ཁྲོམ་ནང་སྡོད་མི་ཚུ་གིས་ གློག་མེའི་སྤྱོད་འཐུས་མཐོ་དྲགས་སྦེ་ ཐོན་ཡོད་མི་ལུ་ ཉོགས་བཤད་བཀོདཔ་ད་ འབྲུག་གློག་མེ་ལས་འཛིན་གྱིས་ སྤྱོད་འཐུས་ཀྱི་རྩིས་རྐྱབ་ཐངས་དེ་ རྒྱལ་སྤྱིའི་ལམ་ལུགས་ཨིནམ་ལས་ འཛོལ་བ་འཐོན་དགོཔ་མེད་ཟེར་བའི་ དོགས་སེལ་འབད་ཡོད་རུང་ ཞབས་ཏོག་སྤྱོད་མི་ཚུ་ བསམ་པ་རྫོགས་མ་ཚུགས།

གནད་དོན་དེ་ རྩོད་བསྡུར་ཅན་ཅིག་ལུ་གྱུར་བའི་ཁར་ ཉོགས་བཤད་བཀོད་མི་ སྟོང་ཕྲག་སྦེ་ཐོན་པའི་ཤུལ་ལས་ བསྟན་རྒྱས་ ལྷན་ཁག་ལས་ རང་དབང་གི་ཚོགས་ཆུང་ཅིག་གིས་ ཞིབ་དཔྱད་འབད་དགོཔ་བྱུང་ཡི།

ཚོགས་ཆུང་གིས་ཡང་ ལས་འཛིན་གྱི་རྩིས་རྐྱབ་ཐངས་ལུ་ འཛོལ་བ་དེ་ཅིག་མེདཔ་སྦེ་ གསལ་སྟོན་འབདཝ་ད་ ཞབས་ཏོག་ སྤྱོད་མི་ཚུ་ ཡིད་ཆེས་ཚུགས་པའི་ ལན་འཐོབ་མ་ཚུགསཔ་ལས་ དབུགས་འགམ་པའི་གཞི་ལུ་ གྱུར་ཡི།

ཨིན་རུང་ ལས་འཛིན་གྱིས་ དམིགས་བསལ་སྡེ་ཚན་ཅིག་བཟོ་སྟེ་ ཐིམ་ཕུག་ནང་འཁོད་ཀྱི་ ཞབས་ཏོག་སྤྱོད་མི་བསྡོམས་ ༤༦,༤༨༡ ལས་༩,༥༠༡ གི་ རྩིས་བཱིལ་ལུ་ དབྱེ་ཞིབ་འབད་བའི་སྐབས་ ས་ཁོངས་ཁག་༥ ནང་ མི་ཊར་བལྟ་མི་ ལས་བྱེདཔ་༢ ཀྱིས་ མི་ཊར་༨༢ ནང་ འཛོལ་ཏེ་ལྟ་ཡོདཔ་སྦེ་ མཐོང་ནུག།

ལས་འཛིན་གྱིས་ ཁོང་༢ དགོངས་ཕོག་བཏང་ཡོདཔ་བཞིན་དུ་ ལས་འཛིན་གྱི་སྒྲིག་གཞི་དང་འཁྲིལ་ ངོས་ལེན་འབད་ནི་ཨིན་པས།

དེ་སྦེ་ མི་ཊར་འཛོལ་ལྟ་མི་དེ་ ད་རེས་ མི་མང་ལས་ ཉོགས་བཤད་བཀོདཔ་ད་ གཞོར་ཁར་ལུ་ བདའ་ཟུན་ཡོདཔ་མ་གཏོགས་ ཧེ་མ་ཡང་ དེ་བཟུམ་ལྟ་སྟེ་ ཞབས་ཏོག་སྤྱོད་མི་ཚུ་ལུ་ གློག་མེ་སྤྱོད་མི་དང་མ་འཁྲིལ་བའི་ སྤྱོད་འཐུས་བཏབ་བཅུག་ཡོདཔ་ འོང་ནི་ཨིན་མས།

ཨིན་རུང་ མི་ཊར་འཛོལ་ཏེ་བལྟ་བ་ཅིན་ ཞབས་ཏོག་སྤྱོད་མི་དང་ བྱིན་མི་གཉིས་ཆ་ར་ལུ་ ཁེ་རྒུད་འདྲན་འདྲ་འོང་ནི་ཨིན་མི་དེ་ཡང་ མི་ཊར་དེ་ རང་གིས་ གློག་མེ་ངོ་མ་སྤྱོད་མི་ལས་ དམའ་སུ་སྦེ་འཐོན་པ་ཅིན་ སྤྱོད་མི་ལུ་ ཁེ་སང་འོང་ནི་དང་ ལས་འཛིན་ལུ་ རྒུད་ཕོག་ནི་ཨིན་མས།

ད་རེས་ བདའ་ཟུན་མི་དེ་ འགོ་དང་པ་འོང་ནི་ཨིན་རུང་ ཞབས་ཏོག་སྤྱོད་མི་ཚུའི་སེམས་ཁར་ མི་ཊར་བལྟ་མི་ཚུ་གིས་ ཧེ་མ་ཡང་ མི་ག་དེམ་ཅིག་ལུ་ འཛོལ་ཏེ་སྤྲོད་བཅུག་ཡོདཔ་ཨིན་ན་ཟེར་བའི་ མནོ་བསམ་གཏང་དགོཔ་འབྱུང་ནི་ཨིན་མས།

སྤྱོད་འཐུས་ཀྱི་ ལམ་ལུགས་དང་འཁྲིལཝ་ད་ འབྲུག་གློག་མེ་ལས་འཛིན་ཚད་ཀྱིས་ དུས་ཚོད་ཁར་མ་བཏབ་པ་ཅིན་ ཟླཝ་༡ གི་ ཡོངས་བསྡོམས་སྤྱོད་འཐུས་ལས་ ཆད་ལུས་མེད་པར་ སྐྱེད་རྩིས་རྐྱབ་སྟེ་ ལེན་དོ་ཡོདཔ་ལས་ སྤྱོད་འཐུས་དེ་ མི་མང་ལས་ ཚང་འགྲིག་སྦེ་ར་ ལེན་ཏེ་ཡོདཔ་ཨིན།

ཟླཝ་དག་པ་ཅིག་གི་རིང་ བཏབ་མ་ཚུགས་པར་ལུས་པ་ཅིན་ མི་ཊར་བལྟ་མི་ཚུ་གིས་ རང་གི་ཁྱིམ་ནང་འོང་སྟེ་ གློག་ཐག་བཏོག་ བཏང་སྟེ་ གློག་མེ་མེདཔ་སྦེ་ བཞགཔ་ཨིན།

འདི་བཟུམ་མའི་ ལམ་ལུགས་ཚུ་ལུ་བལྟ་བ་ཅིན་ ལས་འཛིན་གྱིས་ ཞབས་ཏོག་སྤྱོད་མི་ཚུ་ལུ་ དངུལ་ཀྲམ་༡ ཡང་ ཡང་ཆག་མེད་པར་ རྩིས་རྐྱབ་ཚུགསཔ་ད་ ཞབས་ཏོག་སྤྱོད་མི་ཚུ་ལུ་ དེ་བ་དྲག་པའི་ ཞབས་ཏོག་སྤྲོད་ནི་དེ་ ཁོང་གི་འགན་ཁུར་ ཨིནམ་ཤེས་དགོཔ་དེ་ཡང་ གལ་ཆེ་བས།

ཁྲོམ་ཁར་སྡོད་མི་ཚུ་གིས་ ནུས་ཤུགས་ཡུ་ནིཊ་༡ ཡང་ རིན་མེད་སྟོང་པར་ མི་ཐོབ་དོ་ཡོདཔ་ལས་ འབྲུག་གློག་མེ་ལས་འཛིན་ཡིག་ཚང་གིས་ ཁོང་གི་འོང་འབབ་དེ་ གློག་མེ་སྤྱོད་མི་ཚུ་གི་ ཏི་རུ་ཨིནམ་ཤེས་ཏེ་ དེ་དང་འཁྲིལ་བའི་ ཞབས་ཏོག་སྤྲོད་དགོ་ པའི་ཁར་ མི་ཊར་བལྟ་ནིའི་ལཱ་དེ་ ལཱ་ཚུ་གི་ནང་ལས་ འཇམ་ཤོས་ཅིག་ཨིནམ་ལས་ ད་ལས་ཕར་ འཛོལ་བལྟ་ནི་དེ་ མེདཔ་ཅིག་ འབད་དགོཔ་འདུག།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *