གློག་མེའི་མཐུན་རྐྱེན་མེད་མི་ གཡུས་ཚན་ཚུ་ནང་ གློག་མེ་བཀྲམ་སྤེལ་འབད་ནི།

༉ འབྲུག་གློག་མེ་ལས་འཛིན་གྱིས་ དར་དཀར་རྒེད་འོག་ དོམ་ས་དང་ ཀ་མི་ནང་ ཤང་ཏ་ དེ་ལས་ འོ་རྒྱལ་གཡུས་ཚན་ཚུ་ནང་ གློག་མེ་བཀྲམ་སྤེལ་འབད་བ་ཅིན་ དབང་འདུས་ཕོ་བྲང་རྫོང་ཁག་ནང་ གློག་མེ་བཀྲམ་སྤེལ་བརྒྱ་ཆ་༡༠༠ ཁྱབ་ཚུགས་ནི་ཨིན་པས། 

གྲོང་གསེབ་གློག་མེ་བཀྲམ་སྤེལ་མ་ལྷོད་མི་ གཡུས་ཚན་༤ ནང་ ཁྱིམ་གུང་༡༩ ཡོདཔ་ད་ དེ་ཡང་ ཀ་བཞི་རྒེད་འོག་ ལ་མཐོ་སའི་ས་གནས་ སྦལ་གྲོ་མ་བརྩིས་བར་ཨིན་པས།

ཨིན་རུང་ འབྲུག་གློག་མེ་ལས་འཛིན་གྱི་ སྡེ་ཚན་འགོ་དཔོན་ ཀུན་བཟང་ཚེ་རིང་གིས་ སླབ་མིའི་ནང་ སྦལ་གྲོའི་མི་ཚུ་ གནམ་དགུན་ལུ་ གདོང་ཁོབ་སྦྱིས་དང་ སྦས་གླང་བྲག་ལུ་ འོང་ནི་ཡོདཔ་མ་ཚད་ ཁོང་གི་ ས་ཞིང་ཚུ་ཡང་ས་གནས་དེ་གཉིས་ནང་ ཡོདཔ་ཨིན་པས།

གདོང་ཁོབ་སྦྱིས་གཡུས་ཚན་ནང་ ན་ཧིང་ གློག་མེ་མཐུན་རྐྱེན་ཐོབ་སྟེ་ཡོདཔ་ད་ ད་རེས་ དབང་འདུས་ཕོ་བྲང་འབྲུག་གློག་མེ་ལས་འཛིན་གྱི་ བཀྲམ་སྤེལ་དང་ ཞབས་ཏོག་ལས་ཁུངས་ཀྱིས་ མཐའ་ཟུར་གྱི་ གཡུས་ཚན་གཞན་ཚུ་ནང་ གློག་མེ་བཀྲམ་སྤེལ་འབད་ནིའི་དོན་ལུ་ བརྟག་ཞིབ་འཇུག་བསྡུ་སྟེ་ ཚོད་རྩིས་ཡང་ བཏོན་ཚར་ཏེ་ཡོདཔ་ཨིན་པས།

སྡེ་ཚན་འཛིན་སྐྱོང་པ་གོངམ་ དིལ་ཀུ་མར་ར་སའི་ལི་གིས་ སླབ་མིའི་ནང་ གློག་མེ་བཀྲམ་སྤེལ་ལས་འགུལ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༡༦ ཚོད་རྩིས་བཏོན་མི་དེ་ ཇའི་ཀ་རྒྱལ་སྤྱི་ལས་སྡེ་གིས་ རྒྱབ་སྐྱོར་འབད་དེ་ཡོད་ཟེར་ཨིན་པས།

ལཱ་དང་ རིན་བསྡུར་ཚུ་ བཀྲམ་སྤེལ་བཟོ་སྐྲུན་ལས་ཁུངས་ཀྱིས་ འབད་ནི་ཨིནམ་ད་ འཆར་དངུལ་དེ་ཡང་ ཆ་འཇོག་འབད་དེ་ཡོདཔ་བཞིན་དུ་ ལཱ་དེ་ དུས་ཅི་ འགོ་བཙུགས་འོང་ཟེར་ དིལ་ཀུ་མར་ ར་སའི་ལི་གིས་ བཤདཔ་ཨིན་པས།

ཁྱིམ་གུང་ཚུ་ནང་ གློག་མེའི་མཐུན་རྐྱེན་མེདཔ་ལས་ ཉི་དྲོད་ནུས་ཤུགས་ཚུ་ གཞི་བཙུགས་འབད་དེ་ཡོདཔ་ཨིན་པས།

གྲོང་གསེབ་གློག་མེའི་ ལཱ་ཆ་ཤས་ཅིག་སྦེ་ ན་ཧིང་ ཀ་བཞི་རྒེད་འོག་གི་ དུ་ལུ་བ་དང་ གདོང་ཁོབ་སྦྱིས་ དེ་ལས་ དར་དཀར་རྒེད་འོག་ བབ་ལྕེ་དང་ རྔ་བ་གཡུས་ཚན་ཚུ་གིས་ གློག་མེ་ཐོབ་ཡོདཔ་ཨིན་པས།

དར་དཀར་དང་ ཀ་བཞི་རྒེད་འོག་གི་ གཡུས་ཚན་༤ ནང་ གློག་མེ་བཀྲམ་སྤེལ་འབད་ནིའི་ ལཱ་དེ་ཡང་ སྤྱི་ལོ་༢༠༡༩ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ཟླ་༧ པའི་ནང་ མཇུག་བསྡུ་ཡོདཔ་ད་ འཆར་དངུལ་དེ་ཡང ཇའི་ཀ་གིས་ དངུལ་ཀྲམ་ས་ཡ་༡༡.༡༨༥ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།

དུས་ཅི་ གྲོང་གསེབ་གློག་མེ་བཀྲམ་སྤེལ་གྱི་ ལཱ་ཆ་ཤས་ཐོག་ལས་ ཁྱིམ་གུང་༣༠ ལུ་ གློག་མེ་བཀྲམ་སྤེལ་འབད་ནུག།

ཀུན་བཟང་ཚེ་རིང་གིས་ སླབ་མིའི་ནང་ གྲོང་གསེབ་གློག་མེ་བཀྲམ་སྤེལ་ ཧེ་མ་འབད་དེ་ཡོད་རུང་ ཁྱིམ་གསརཔ་རྐྱབ་ཡོདཔ་ལས་ དེ་བསྒང་ གློག་མེ་བཀྲམ་སྤེལ་འབད་བའི་སྐབས་ ལུས་ནུག་ཟེར་ཨིན་པས།

ད་རེས་ འབྲུག་མི་གློག་མེ་ལས་འཛིན་ལུ་ ཅ་ཆས་མཁོ་སྒྲུབ་འབད་ནི་དང་ ལཱ་ཚུ་དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་པའི་ གདོང་ལེན་བྱུང་དོ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *