གནག་དུང་ནང་ ཕྱི་རུའི་བཞེས་སྒོ་ འབད་བའི་བསྒང་།

གློག་མེ་རྒྱུན་བརྟན་མེདཔ་ལས་ གནག་དུང་ནང་ བཞེས་སྒོ་འབད་དོ་ཡོདཔ།

༉ ཕྱི་རུའི་ཕྱེད་དང་༨ དེ་ཅིག་ལས་ མི་ཚུ་ ཁོང་རའི་ཁྱིམ་ནང་ ལོག་འགྱོ་དོ་ཡོད་རུང་ བསམ་གྲུབ་ལྗོངས་མཁར་ གསེར་ཐིག་རྒེད་འོག་ སྨན་ལྗོངས་ལས་ སྐྱེས་ལོ་༣༥ ལང་མི་ པདྨ་བཟང་མོ་དེ་ ཕྱི་རུའི་བཞེས་སྒོ་ མཁོ་མངགས་འབད་མི་ ཐོན་མི་ལུ་བརྟེན་ ཐབ་ཚང་གནག་དུང་ཅིག་ནང་ བཞེས་སྒོ་འབད་སར་ མཐོངམ་ཨིན་པས།

པདྨ་བཟང་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གློག་མེ་མེད་པར་ བདུན་ཕྲག་༡ དེ་ཅིག་ ལང་སོཔ་ལས་ དུས་ཚོད་ཨ་རྟག་ར་ གནག་དུང་ནང་ར་ བཞེས་སྒོ་འབད་དགོ་པས་ཟེར་ཨིནམ་ད་ གློག་མེ་དེ་ ཏན་ཏན་ག་ནི་ཡང་མེདཔ་ལས་ བློ་གཏད་མི་ཚུགས་པས་ཟེར་སླབ་ཨིན་པས།
མོ་གིས་འབད་བ་ཅིན་ ཟ་ཁང་བཙུགས་སྡོད་མི་ཅིག་འབདཝ་ལས་ གློག་མེ་མེད་པའི་སྐབས་ མེ་རླུང་རྒྱ་རྫི་དང་ རང་ལུགས་ཀྱི་ མེ་ཐབ་ཚུ་ལུ་བརྟེན་ བཞེས་སྒོ་འབད་དོ་ཟེར་ཨིནམ་ད་ རྒྱ་རྫི་ནང་ རླུང་འདེགས་ནིའི་དོན་ལུ་ ཇོ་མོ་གཙང་ཁ་དང་ ཐབ་ཤིང་འཐུ་བར་ ནགས་ཚལ་ནང་ འགྱོ་དགོཔ་ལས་ འཕྲལ་འཕྲལ་ར་ ཟ་ཁང་དེ་ སྒོ་བསྡམ་བཞག་དགོཔ་ ཐོནམ་མས་ཟེར་སླབ་ཨིན་པས།
སྨན་ལྗོངས་ལུ་ ཟ་ཁང་བཙུགས་མི་ མོ་ར་རྐྱངམ་གཅིག་འབདཝ་ལས་ མདའ་རྩེད་དང་ དུས་སྟོན་གཞན་ཚུ་གི་སྐབས་ བཞེས་སྒོའི་མཁོ་མངགས་འབད་མི་ ཐོན་དོ་ཡོད་རུང་ གློག་མེ་མེད་པའི་ཁར་ ལཱ་འབད་མི་མེདཔ་ལས་ འཕྲལ་འཕྲལ་ར་ མཁོ་མངགས་འབད་མི་ཚུ་ ཆ་མེད་གཏང་དགོཔ་ ཐོན་དོ་ཡོད་མི་ལུ་བརྟེན་ འབྲུག་གློག་མེ་ལས་འཛིན་གྱིས་ འཕྲལ་མགྱོགས་ར་ དཀའ་ངལ་དེ་ སེལ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཇོ་མོ་གཙང་ཁ་དང་ ལའུ་རི་ དེ་ལས་ གསེར་ཐིག་དང་ གླང་ཅན་ཕུག་རྒེད་འོག་ཚུ་ནང་སྡོད་མི་ཚུ་ལུ་ འཕྲལ་འཕྲལ་ར་ གློག་མེ་མེད་པའི་ དཀའ་ངལ་ཐོན་དོ་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ བདུན་ཕྲག་༡ དེ་ཅིག་གི་རིང་ ཇོ་མོ་གཙང་ཁ་དྲུང་ཁག་ནང་ གློག་མེ་མེད་མི་ལུ་བརྟེན་ གཞུང་འབྲེལ་གྱི་ ལཱ་ཚུ་ལུ་ ཐོ་ཕོག་ཡོདཔ་ཨིན་པས།
ཇོ་མོ་གཙང་ཁ་ལས་ བཀྲིས་དབང་འདུས་ཀྱིས་ སླབ་མིའི་ནང་ འཕྲལ་འཕྲལ་ར་ བདུན་ཕྲག་ལྷགཔ་སྦེ་ གློག་མེ་མེད་པར་ སྡོད་དགོ་པས་ཟེར་ཨིནམ་ད་ གློག་མེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ དཀའ་ངལ་སེལ་ནི་ལུ་ རྩ་འགེངས་དོ་ཡོད་རུང་ དཀའ་ངལ་ག་ཏེ་ཡོདཔ་ཨིན་ན་ མ་ཤེས་པའི་ཁར་ གཙང་ཆུ་དང་ ནགས་ཚལ་ཚུ་བདའ་སྟེ་ འགྱོ་དགོཔ་ལས་ དཀའ་ངལ་དེ་ སེལ་ཚུགས་ནི་བཟུམ་ མི་མཐོངམ་མས་ཟེར་ཨིན་པས།
གློག་མེ་མེད་པའི་ དཀའ་ངལ་དེ་གིས་ འབྲུག་གོང་འཕེལ་དངུལ་ཁང་དང་ འབྲུག་བརྒྱུད་འཕྲིན་ དེ་ལས་ མི་མང་གཙུག་སྡེ་ལ་སོགས་པ་ཚུ་གིས་ ཞབས་ཏོག་སྤྲོད་ནི་ལུ་ཡང་ ཐོ་ཕོག་དོ་ཡོདཔ་མ་ཚད་ ལྷག་པར་དུ་ ཇོ་མོ་གཙང་ཁ་གི་ སྡེ་རིམ་དང་པའི་ གཞི་རྟེན་སྨན་ཁང་ལུ་ གནོད་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཇོ་མོ་གཙང་ཁ་ལས་ རྡོ་རྗེ་(མིང་ངོ་མ་མེན་)གིས་ སླབ་མིའི་ནང་ གློག་མེའི་འཕྲུལ་ཨམ་དེ་ ནགས་ཚལ་སྦོམ་ཚུ་བདའ་སྟེ་ བཙུགས་ཡོདཔ་མ་ཚད་ ལཱ་གི་སྤུས་ཚད་ལུ་ཡང་ དོགས་པ་ཡོད་ཟེར་ཨིནམ་ད་ གློག་མེ་ལས་འཛིན་ལུ་ གྲོང་གསེབ་ཚུ་ནང་ གློག་མེའི་ཞབས་ཏོག་སྤྲོད་ནིའི་ དམིགས་གཏད་ཡོད་རུང་ གློག་མེ་མེད་པ་ཅིན་ ག་ཅི་འབད་ནི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་བཟུམ་མའི་ གློག་མེའི་དཀའ་ངལ་ཐོན་མི་དེ་ སྲིད་བྱུས་ལུ་ འཐུས་ཤོར་ཡོད་པའི་ རྟགས་མཚན་ཨིན་ཟེར་ཨིནམ་ད་ ཇོ་མོ་གཙང་ཁ་ལུ་ ཧེ་མ་ལས་ རྒྱ་གར་ཨ་སམ་ལས་ གློག་མེ་ཡོདཔ་ལས་ གློག་ཐག་མ་སྤྲིངས་པའི་ཧེ་མར་ གཞུང་ལུ་ བསམ་རང་ལས་ ཇོ་མོ་གཙང་ཁ་ལུ་ འཁོར་ལམ་བཏོན་དགོ་པའི་ ཨུ་ཚུགས་བསྐྱེད་ཡོད་པ་ཅིན་ དཀའ་ངལ་དེ་ མ་ཐོནམ་འོང་ཟེར་ཨིན་པས།
ཇོ་མོ་གཙང་ཁ་སྨན་ཁང་ལས་ ཌོག་ཊར་ན་ར་ཡཱན་ རི་ཟཱལ་གྱིས་ སླབ་མིའི་ནང་ གློག་མེ་མེད་པའི་སྐབས་ ཨཱལ་ཊ་ ས་འུནཌ་གི་ ཞབས་ཏོག་སྤྲོད་ནི་ལུ་ ཐོ་ཕོག་དོ་ཡོད་རུང་ རྒྱ་གར་ཨ་སམ་གྱི་ གློག་མེ་ཡོད་མི་ལུ་བརྟེན་ བདེ་སྒྲིག་འབད་དོ་ཡོད་རུང་ དེ་ལུ་ཡང་ ཏན་ཏན་མེདཔ་ལས་ འདས་པའི་བདུན་ཕྲག་ནང་ ཨཱལ་ཊ་ ས་འུནཌ་གི་ ཞབས་ཏོག་གི་དོན་ལུ་འོང་མི་༢༥ དེ་ཅིག་ ལོག་འགྱོ་དགོཔ་ ཐོན་ཡི་ཟེར་ཨིན་པས།
ཌོག་ཊར་གྱིས་འབད་བ་ཅིན་ སྨན་ཁང་ནང་ གློག་འཕྲུལ་ཇེ་ནི་རེ་ཊར་ཡོད་རུང་ ཨཱལ་ཊ་ ས་འུནཌ་གི་དོན་ལུ་ གློག་མེ་བཟུམ་ཅིག་ ལེགས་ཤོམ་མེན་པའི་ཁར་ འཕྲུལ་ཆས་མེདཔ་གཏང་ནིའི་ ཉེན་ཁ་ཡོདཔ་ལས་ ཉེན་ཁ་འབག་ཐོག་ལས་ ལག་ལེན་འཐབ་མི་ཚུགས་པས་ཟེར་ཨིན་པས།
འབྲུག་གློག་མེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དུས་ཚོད་འ་ནེམ་ཅིག་ཁར་ ཆརཔ་ཤུགས་སྦེ་ རྐྱབ་མི་དང་ རླུང་མ་ཤུགས་སྦེ་ འཕུ་མི་ལུ་བརྟེན་ དུས་ཚོད་འགོརཝ་མས་ཟེར་ཨིནམ་ད་ གློག་འཕྲུལ་ཨམ་གྱི་ གློག་ཐག་ཚུ་ཡང་ འཁོར་མ་ལས་ ཐག་རིང་སར་ཡོདཔ་ལས་ གཙང་ཆུ་བྲེས་མི་དང་ ནགས་ཚལ་ཚུ་བདའ་སྟེ་ འགྱོ་དགོཔ་ལས་ གདོང་ལེན་འདུག་ཟེར་ ཨིན་པའི་གནས་ཚུལ།

ཇོ་མོ་གཙང་ཁ་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

ཚད་སྙོམས་མེད་པའི་ ནང་འཁོད་ཐོན་སྐྱེད་གནས་གོང་།

༉ ད་རེས་ནངས་པར་ རྒྱལ་ཁབ་ཀྱི་གནས་སྟངས་དེ་ དུས་ཚོད་ག་ཅི་བཟུམ་ཅིག་ནང་ ལྷོད་ཡོདཔ་ཨིན་ན་དང་ ད་ལས་ཕར་ ག་ཅི་ར་འབད་དགོཔ་ཨིན་ན་དེ་ འབྲེལ་ཡོད་མང་ཤོས་ཅིག་གིས་ ཧ་གོ་དང་ གོ་བཞིན་པ་ཡོད་རུང་ དེ་གི་ གདོང་ལེན་ཚུ་ ག་ཅི་ར་འབྱུང་འོང་ག་ དྲན་ཤེས་བཏོན་དགོཔ་དེ་ཡང་ ཁག་ཆེ་ནི་ཨིན་མས། …

Leave a Reply

Your email address will not be published. Required fields are marked *