གློག་མེ་རྒྱུན་བརྟན་མེད་མི་ལུ་ ཤ་ཞེན་གྱི་འགན་ཁུར་འབག་དགོཔ།

༉ འབྲུག་འདི་ རྒྱལ་ཁབ་གཞན་དང་མ་འདྲ་བའི་ ཁེ་ཕན་སྤྱོད་ཚུགས་པའི་ རྒྱལ་ཁབ་ཅིག་འབདཝ་ལས་ ཁེ་ཕན་དེ་ ཚུལ་དང་ལྡནམ་སྦེ་ སྤྱོད་ནི་ལུ་ གཙོ་རིམ་བཟུང་དགོཔ་ཡོད།

འཛམ་གླིང་རྒྱལ་ཁབ་གཞན་ཚུ་ལུ་ དཔལ་འབྱོར་གྱི་ སྟོབས་ཤུགས་ག་དེ་སྦེ་ཡོད་རུང་ ནམ་ཕུགས་ རྩ་བརྟན་གནས་ཚུགས་ཐབས་ལུ་ དོ་འགྲན་ཅན་ཅིག་སྦེ་ཡོདཔ་ལས་ འབྲུག་རྒྱལ་ཁབ་འདི་ དེ་ཚུ་གི་གྲས་ལས་ ཡ་གྱལ་དུ་གྱུར་ཡོདཔ་ ག་ར་གི་ཤེས་གསལ་ལུ་ཡོད།

ག་འཆརཔ་ཟེར་བ་ཅིན་ འབྲུག་རྒྱལ་ཁབ་ནང་ རྒྱལཔོ་རིམ་བྱོན་གྱི་ ཐུགས་དགོངས་ལས་ འཁྲུངས་པའི་དགོངས་གཏེར་ ད་ལྟོ་སྤྱོད་བཞིན་དུ་ཡོད་པའི་ གློག་མེ་ལས་འགུལ་ཚུ་ འགོ་བཙུགས་པའི་སྐབས་ལུ་ ཟད་འགྲོ་སྦོམ་གནས་རུང་ མ་འོངས་ཡུན་རིང་དང་ ཡུན་བརྟན་ལུ་ དེ་གིས་ རྒྱལ་ཁབ་ནང་ འགྲན་ཟླ་དང་འབྲལ་བའི་ འོང་འབབ་འབོར་ཆེ་ཏོག་ཏོ་སྦེ་ བཟོ་མིའི་རྒྱུ་ནོར་ངོ་མ་ཅིག་ཨིན།

ད་ལྟོའི་ གནས་སྟངས་ནང་བཟུམ་ཅིག་འབད་རུང་ རྒྱལ་ཁབ་ཀྱི་ འོང་འབབ་བཟོ་མི་ གཙོ་རིམ་ཅན་ཅིག་སྦེ་ཡོདཔ་ལས་ དེ་གིས་ རྒྱལ་ཁབ་ལུ་ ཕ་ལས་བུ་དང་ བུ་ལས་ཚ་སྦེ་ ལོངས་སྤྱོད་ཐོག་ལས་ ཕན་སྦོམ་སྦེ་ར་ཐོགས་ཚུགས།

ཨིན་རུང་ ཁེ་ཕན་རྐྱངམ་གཅིག་ལུ་ མནོ་བསམ་བཏང་སྡོད་ནི་མིན་པར་ འབྱོར་དངོས་རྗེས་གསུམ་གྱི་ ལག་ལེན་ཚུ་ ཁ་དང་ལགཔ་རྟགས་མཐུནམ་སྦེ་ མ་འབད་བ་ཅིན་ ཕན་ཐོགས་འབྱུང་ཚུགས་ཟེར་མི་ལུ་ཡང་ དོགས་པ་ཆགས་དགོཔ་འོང་།

འཇིག་རྟེན་པའི་དཔྱེ་གཏམ་ལས་ཡང་ བཟོ་བོ་གྱི་བརྡར་བ་ ལཱ་སྟོང་མི་ཆགས་ཟེར་དོ་བཟུམ་སྦེ་ གློག་འཕྲུལ་ཨམ་འདི་ར་ གཙོ་བོར་བཟུང་སྟེ་ འདི་ལུ་བརྟེན་པའི་ ཡན་ལག་དང་ ཡན་ལག་ཅན་ཚུ་ ངོས་འཛིན་ཐོག་ བདག་འཛིན་ལེགས་ཤོམ་མ་འཐབ་པ་ཅིན་ ཁེ་ཕན་འབྱུང་ཚུགས་དང་ མི་ཚུགས་ལུ་ཡང་ བརྟག་ཤིང་དཔྱད་དགོཔ་འོང་།

ད་རེས་ནངས་པའི་ གནས་སྟངས་ནང་ གློག་མེ་ལུ་བརྟེན་ འོང་འབབ་བཟོ་དགོ་པ་ཅིན་ གློག་མེ་སྤྱོད་མི་ཚུ་ཡང་ ཚོང་མགྲོན་པ་ངོ་མ་ཅིག་ཨིན་པའི་གུ་ གློག་མེ་དེ་ དུས་ཡུན་ཆུ་ཚོད་༢༤ གི་རིང་ལུ་ རྒྱུན་ཆད་མེད་པར་ ཕྱི་རྒྱལ་ཁབ་ནང་བཟུམ་སྦེ་ བཏང་ཚུགསཔ་བཟོ་བ་ཅིན་ རྒྱལ་ཁབ་ཀྱི་འོང་འབབ་ སྦོམ་ར་བཟོ་ཚུགས་ནི་མས།

དེ་འབདཝ་ད་ གློག་མེའི་མཐུན་རྐྱེན་དེ་ ག་ནི་བ་ཐབས་སྐྱོ་སི་སི་སྦེ་ཡོད་པའི་ མཐོང་གསལ་བྱུང་མི་དེ་ཡང་ རྒྱལ་ས་ལྟེ་བ་ཐིམ་ཕུག་ལུ་ བཟུམ་ཅིག་འབད་རུང་ གློག་མེ་ཚུ་ ཚུལ་དང་ལྡནམ་སྦེ་ གཏང་ནི་མེད་པའི་ཁར་ ལྷག་པར་དུ་ཡང་ ས་ཁོངས་སོ་སོ་ཚུ་ནང་ བདུན་ཕྲག་རེ་ལུ་ གློག་མེ་ཐེངས་༢ དེ་རེ་ བཏོག་མ་བཏང་པ་ཅིན་ གློག་མེ་ལས་འཛིན་ནང་ ལཱ་འབད་མི་ཚུ་གི་ ཁྱད་ཆོས་ཅིག་ མི་ཚང་དོ་བཟུམ་སྦེ་ བདུན་ཕྲག་རེ་ནང་ ཉུང་ཤོས་གློག་མེ་ཐེངས་༢ རེ་ཤིཝ་མས།

དེ་གིས་ དང་པ་ ཐད་ཀར་དུ་ ལས་འཛིན་ལུ་གྱོང་རྒུད་དང་ གཉིས་པ་ གཞུང་ལུ་སྐུ་གྱོང་ གསུམ་པ་ གློག་མེ་སྤྱོད་མི་ཚུ་ལུ་ དཀའ་ངལ་སྦོམ་ར་ འཐོན་དོ་ཡོད་མི་དེ་ཡང་ ད་རེས་ནངས་པར་ ནད་ཡམས་ཀྱི་ གནས་སྟངས་ནང་ གཞུང་འབྲེལ་གྱི་ ལཱ་མང་ཤོས་ གློག་རིག་ཐོག་ལས་འབད་དགོ་མི་དང་ གལ་གནད་ཅན་གྱི་ གྲོས་བསྟུན་ཞལ་འཛོམས་ཚུ་ཡང་ གློག་རིག་ལག་ལེན་འཐབ་པའི་ཁར་ སློབ་ཕྲུག་ཨ་ལོ་ཚུ་གི་ སློབ་སྟོན་ཡང་ གློག་རིག་ཡོངས་འབྲེལ་ཐོག་འབད་དོ་ཡོད་མི་ཚུ་ལུ་ གདོང་ལེན་བྱུངམ་མས།

སྤྱིར་བཏང་ འབྲུག་འདི་ གློག་མེ་གིས་ ཕྱུག་པའི་རྒྱལ་ཁབ་ཅིག་ཨིན་ཟེར་ ཕྱི་མི་ཚུ་གི་གདོང་ཁར་ དཔའ་ཉམས་དང་བཅས་པའི་སྒོ་ལས་ ངོམ་བཏོན་སྡོད་རུང་ དོན་ངོ་མ་ཁར་ལྷོདཔ་ད་ གློག་མེ་མ་ཆད་པར་ བདུན་ཕྲག་གཅིག་ཡང་ བཏང་མ་ཚུགས་མི་དེ་ ངོ་ཚ་སི་སི་དང་ ཞལ་སྐྱེམས་སི་སི་ཅིག་ཨིན་མས།

རྒྱལ་ཁབ་གཞན་ཁར་འབད་བ་ཅིན་ གློག་མེ་དུས་ཡུན་སྐར་ཆ་༡ ར་ཤི་རུང་ འདི་བསྟུན་གྱི་ གྱོང་རྒུད་ཚུ་ གློག་མེ་ལས་འཛིན་གྱིས་ འགན་ཁུར་འབག་དགོ་པའི་ཁར་ རྒྱལ་ཁབ་ལ་ལོ་ཅིག་ནང་ འགན་ཁུར་འཐུས་ཤོར་བྱུང་པའི་ངོས་ལེན་ལུ་ འཛིན་སྐྱོང་གྱི་ གཙོ་འཛིན་ཚུ་ཡང་ དགོངས་ཞུ་འབདཝ་མས།

ང་བཅས་རའི་རྒྱལ་ཁབ་ནང་ ལག་ལེན་འཐུས་ཤོར་ག་དེ་སྦེ་བྱུང་རུང་ ག་ལུ་ཕོག་པའི་འགན་ཁུར་ཨིན་ན་ ཏན་ཏན་མེད་པའི་ཁར་ གོ་གནས་ཅན་ཚུ་གིས་ འོག་མ་ལུ་ ཁ་ཉེས་བཀལ་ འོག་མ་ཚུ་གིས་ དབང་ཚད་མེད་ནི་དེ་གིས་ ལཱ་འབད་མ་ཚུགས་ཟེར་ གཅིག་གིས་གཅིག་ལུ་ ཧད་འཕུལ་ཏེ་འབད་བའི་བསྒང་ལས་ ཡབ་དང་ཡུམ་གྱི་ཟེ་འཐབ་ནང་། ངེ་ཟངས་ཀྱི་ཁྲོ་ཟངས་འཚིགས་ཉོ་དོ་ཟེར་ སླབ་དོ་བཟུམ་སྦེ་ འགན་འཁྲི་ཚུལ་ལྡན་མ་འབག་མི་གིས་ མི་མང་ཡོངས་ལུ་ བརྡབ་གསིག་འབྱུང་དོ་ཡོདཔ་ལས་ ངོས་ལེན་དམ་སྒྲིང་འབད་དགོཔ་འདུག།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *