གློག་བརྙན་ལས་ རྒྱལ་ཡོངས་ཚོགས་སྡེའི་ནང་ ཕྱག་ཞུ་ནི།

༉ གློག་བརྙན་གྱི་འཁྲབ་རྩེདམོ་ ལྷ་སྐྱིད་སྒྲོལ་མ་གིས་ སྤུ་ན་ཁའི་ མི་སེར་ཚུ་ལུ་ ཡིད་ཆེས་འདྲོངས་ཚུགསཔ་ བཟོ་མི་ལུ་བརྟེན་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་ཐོབ་ཚུགས་ནུག།

དེ་ཡང་ མི་སེར་ཚུ་གིས་ དོ་འགྲན་འབད་མི་ འདེམས་ངོ་༨ ལས་ འཁྲབ་རྩེདམོ་ལུ་ འགྲན་ཟླ་དང་བྲལ་བའི་ ཚོགས་རྒྱན་མངམ་བཙུགས་ཏེ་ བཙག་འཐུ་འབད་ཡོདཔ་ལས་ མོ་གིས་ རྒྱལ་ཡོངས་ཚོགས་སྡེའི་ནང་ སྤུ་ན་ཁ་རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་ནང་ འཐུས་མི་སྦེ་ ཕྱག་ཞུ་ནི་ཨིན་པས།

ཁ་ཙ་ ལྷ་སྐྱིད་སྒྲོལ་མ་གིས་ འགྲེམ་ཐོག་ཚོགས་རྒྱན་དང་ ཚོགས་རྒྱན་ས་ཁོངས་༣༠ ནང་ ཚོགས་རྒྱན་༡༠,༠༠༠ བཙུགས་མི་ལས་༢,༣༣༣ ཐོབ་སྟེ་ རྒྱལ་ཁ་ཐོབ་ནུག།

ལྷ་སྐྱིད་སྒྲོལམ་དེ་ ཧ་ལས་ཡོདཔ་ད་ རྫོང་ཁག་དེ་ནང་ དོ་འགྲན་འབད་མི་ འདེམས་ངོ་ལེ་ཤ་ཡོདཔ་ལས་ ཚོགས་རྒྱན་གྱི་ གྲུབ་འབྲས་དེ་བཟུམ་ འཐོན་འོང་ཟེར་ རེ་བ་མ་བསྐྱེདཔ་ཨིན་རུང་ འགྲེམ་ཐོག་ཚོགས་རྒྱན་གྱི་ གྲུབ་འབྲས་ཚུ་ གསལ་སྟོན་འབདཝ་ད་ གྲུབ་འབྲས་ལེགས་ཤོམ་འོང་ནི་ཨིན་པའི་ ཚོར་སྣང་ཅིག་ བྱུང་ཡི་ཟེར་ ལྷ་སྐྱིད་སྒྲོལ་མ་གིས་ བཤདཔ་ཨིན་པས།

སྐྱེས་ལོ་༣༩ ལང་མི་ ལྷ་སྐྱིད་སྒྲོལ་མ་དེ་ འཛོམས་མི་རྒེད་འོག་ལས་ཨིནམ་ད་ མོ་ལུ་ སྐད་ཡིག་དང་ ལམ་སྲོལ་མཐོ་རིམ་སློབ་གྲྭ་ལས་ མཐོ་རིམ་ཤེས་ཚད་འཆང་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༠༣ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ འགོ་དཔོན་བཙག་འཐུ་ཆོགས་རྒྱུགས་ནང་ལས་ ཨང་གཉིས་པ་ཐོན་ཡོདཔ་ཨིན་རུང་ ལཱ་མང་ཤོས་ར་ གློག་བརྙན་རྩེད་ནི་ཚུ་ནང་ འབྲེལ་འཛིན་འབད་དེ་ སྡོད་ཡོདཔ་ཨིན་མས།

རྟ་ལོག་རྒེད་འོག་ལས་ བཙན་སྐྱོགས་དབང་འདུས་ཀྱིས་ ཚོགས་རྒྱན་༡,༥༡༡ ཐོབ་སྟེ་ ཨང་༢ པ་ཐོན་ཡོདཔ་ད་ སྟོད་ཝང་རྒེད་འོག་ལས་ རྣམ་རྒྱལ་དབང་ཕྱུག་གིས་ ཚོགས་རྒྱན་༡,༤༧༡ དང་ དཀར་སྦིས་ས་ལས་ རིན་ཆེན་རྡོ་རྗེ་གིས་ ཚོགས་རྒྱན་༥༠༧ དང་ བརཔ་རྒེད་འོག་ལས་ ཀུན་ལེགས་དབང་ཕྱུག་གིས་༡,༢༠༧ ཁྲོམ་སྡེ་ལས་ བསོད་ནམས་ཀྱིས་ ཚོགས་རྒྱན་༡,༢༦༧ བདེ་ཆེན་མཐའ་ཡས་རྡོ་རྗེ་གིས་ ཚོགས་རྒྱན་༧༢༧ ཐོབ་ཡོདཔ་བཞིན་དུ་ འདེམས་ངོ་ཨམ་སྲུ་༢ པ་ གུ་མང་རྒེད་འོག་ལས་ བདེ་ཆེན་བཟང་མོ་གིས་ ཚོགས་རྒྱན་༩༩༥ ཐོབ་ནུག།

སྤུ་ན་ཁ་རྫོང་ཁག་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་སྐྱུར་མི་༡༦,༥༠༠ ཡོད་མི་ལས་༨,༨༠༠ ཨམ་སྲུ་ཨིན་པས།

ཁ་ཙ་ སྤུ་ན་ཁ་སྨན་ཁང་གི་ ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་བཙུགས་པར་ འོང་མི་ཚུ་གི་གྲས་ལས་ སྐྱེས་ལོ་༦༧ ལང་མི་ ཚེ་རིང་དང་ སྐྱེས་ལོ་༧༧ ལང་མི་ དཔལམོ་དེ་ཨིནམ་ད་ ཁོང་གཉིས་ཀྱི་ མིག་ཏོ་ལུ་ ཐོ་ཕོག་སྟེ་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *