རྡོ་སྒར་ཤར་པ་གི་འཐུས་མི་ སྐལ་བཟང་དབང་མོ།

གློག་བརྙན་བཟོ་མི་ཚུ་གིས་ བསྐྱིན་འགྲུལ་མ་བཏབ་པ་ཅིན་ གཞུང་གིས་ རྒྱབ་སྐྱོར་འབད་ཐབས་མེདཔ།

༉ གློག་བརྙན་བཟོ་མི་ཚུ་གིས་ དངུལ་ཁང་ཚུ་ནང་ལས་ བསྐྱིན་འགྲུལ་ཐོབ་མ་ཚུགས་མི་དེ་ལུ་ གཞུང་གིས་ བར་འབྲེལ་འཐབ་ནིའི་ ཐབས་ཤེས་ཚུ་ ག་ནི་ཡང་མེདཔ་ཨིན་པས།
དེ་ཡང་ ནང་སྲིད་དང་སྲོལ་འཛིན་བློན་པོ་ ཟླ་བ་རྒྱལ་མཚན་གྱིས་ སྤྱི་ཟླ་༡༢ པའི་ཚེས་༡ ལུ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་སྐབས་ རྡོ་སྒར་ཤར་པ་གི་འཐུས་མི་ སྐལ་བཟང་དབང་མོ་གིས་ དྲི་བ་བཀོད་པའི་སྐབས་ ལན་གསལ་སྦེ་ཞུ་ཡི།
ནང་སྲིད་བློན་པོ་གིས་ ཞུ་མིའི་ནང་ འབྲུག་གློག་བརྙན་ཚོགས་པ་གིས་ གློག་བརྙན་ཚུ་ བཟོ་མི་དེ་གིས་ འབྲུག་པའི་ལམ་སྲོལ་ལུ་ ཕན་ཐོགས་སྦོམ་བྱུང་ཡོད་མི་ལུ་ དགའ་ཚོར་ཡོད་རུང་ གཞུང་གིས་ཡང་ ཚོགས་པ་ཡར་དྲག་གཏང་ཐབས་ལུ་ རྫོང་ཁག་ནང་ཡོད་མི་ སློབ་གྲྭ་ཚུ་ནང་ གློག་བརྙན་སྟོན་པའི་སྐབས་ གྲོགས་རམ་ཚུ་ འབད་བཞིན་དུ་ཡོད་ཟེར་ཨིནམ་ད་ ལོ་བསྟར་གྱི་ གློག་བརྙན་དུས་སྟོན་སྐབས་ལུ་ཡང་ མ་དངུལ་གྱི་གྲོགས་རམ་ཚུ་ འབད་བཞིན་དུ་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༡༧ ལོའི་ གློག་བརྙན་དུས་སྟོན་དོན་ལུ་ གཞུང་གིས་ ཚོགས་པ་ལུ་ དངུལ་ཀྲམ་ས་ཡ་༢ དེ་ཅིག་ བྱིན་ཡོདཔ་ད་ རྫོང་ཁག་ཚུ་ནང་ལས་ཕར་ གློག་བརྙན་སྟོན་པའི་སྐབས་ དཀའ་ངལ་ཡོད་མི་དེ་ཡང་ སེལ་ཐབས་འབད་ནིའི་དོན་ལུ་ གློག་བརྙན་ཁང་ཚུ་ བཟོ་སྐྲུན་འབད་ནིའི་ ས་ཆ་ཚུ་ཡང་ བྱིན་ཏེ་ཡོད་ཟེར་ཞུ་ཡི།
གློག་བརྙན་ཁང་བཟོ་སྐྲུན་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༣༢.༥ དེ་ཅིག་ གཞུང་གིས་ བཞག་སྟེ་ཡོདཔ་ད་ ཚོགས་པ་ལུ་ གྲོགས་རམ་འབད་ནིའི་དོན་ལུ་ ལྷོ་ཀོ་རི་ཡ་གིས་ཡང་ ཅ་ཆས་ཚུ་ ཉོ་ནིའི་དོན་ལུ་ཡང་ མ་དངུལ་གྱི་གྲོགས་རམ་ཚུ་ འབད་དེ་ཡོད་ཟེར་ཞུ་ཡི།
ཨིན་རུང་ བསྐྱིན་འགྲུལ་མ་ཐོབ་པའི་ཐད་ཁར་ལྷོདཔ་ད་ ནང་སྲིད་བློན་པོ་གིས་ དུས་ཚོད་ཁར་ བསྐྱིན་ཚབ་བཏབ་མི་ཚུ་གིས་ ད་ལྟོ་ཡང་ ཐོབ་བཞིན་དུ་ཡོད་རུང་ མ་ཐོབ་མི་ཚུ་ཡང་ དུས་ཚོད་ཁར་ བསྐྱིན་ཚབ་མ་བཏབ་ནི་དེ་གིས་ཨིནམ་ལས་ གཞུང་གིས་ གློག་བརྙན་ཚོགས་པ་རྐྱངམ་གཅིག་མེན་པར་ བཟོ་གྲྭ་ཁང་ཚུ་གི་ཐད་ཁར་འབད་རུང་ བར་འཛུལ་འབད་ཐབས་ མིན་འདུག་ཟེར་ཞུ་ཡི།
འདས་པའི་ལོ་ཚུ་ནང་ འབྲུག་པའི་གློག་བརྙན་བཟོ་མི་ཚུ་གིས་ ལོ་བསྟར་བཞིན་དུ་ གློག་བརྙན་ལེ་ཤ་བཟོ་སྟེ་ཡོདཔ་ད་ ཧེ་མ་དང་ཕྱདཔ་ད་ གློག་བརྙན་བཟོ་ཐངས་ཚུ་ཡང་ ཡར་དྲག་སོང་སྟེ་ཡོད་ཟེར་ ཞུ་ཡི།
ཨིན་རུང་ ཚོགས་པ་དེ་ནང་ དྭངས་སེལ་མེད་པའི་སྐོར་ལས་ ཉོགས་བཤད་བཀོད་མི་ཐོན་པའི་ཁར་ ཚོགས་པའི་མིང་གཏམ་དེ་ཡང་ མི་མང་ལས་ ཁ་བཏང་བའི་ གཞི་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན་པས།
དེ་ཚུའི་གྲས་ལས་ དུས་ཅི་གི་ལོའི་ གློག་བརྙན་དུས་སྟོན་ནང་ བློན་ཆེན་ཡིག་ཚང་གིས་ མ་དངུལ་གྱི་གསོལ་རས་ གནང་མི་དེ་ལུ་ཡང་ བར་ན་ལས་ ཁྱད་ཚད་ཚུ་ བསྒྱུར་བཅོས་འབད་དེ་ བྱིན་ཡོད་པའི་སྐོར་ལས་ གནས་ཚུལ་ཐོན་པའི་ཤུལ་ལུ་ གནད་དོན་དེ་ སྦོམ་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
འབྲུག་པའི་གློག་བརྙན་བཟོ་མི་ཚུ་གིས་ ཕྱིའི་རྒྱལ་ཁབ་ཚུ་ནང་ ཧེ་མ་ལས་བཟོ་ཡོད་མི་ གློག་བརྙན་ཚུ་ལས་ དཔེ་ཚུ་བལྟ་སྟེ་ བཟོ་དོ་ཡོདཔ་ལས་ འདས་པའི་ལོ་ཚུ་ནང་ གློག་བརྙན་དྲག་ཤོས་ཐོན་མི་ འབྲུག་སྒྲ་གླིང་པའི་བཀྲིས་དེ་ གློག་བརྙན་དུས་སྟོན་ནང་ གློག་བརྙན་དྲག་ཤོས་ཀྱི་ གསོལ་རས་ཐོབ་པའི་ཤུལ་ལུ་ གློག་བརྙན་གཞན་བཟོ་མི་ཚུ་གིས་ ཉོགས་བཤད་བཀོད་པའི་ གཞི་གནད་ཅིག་ལུ་ གྱུར་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *