གློག་བརྙན་ཐུང་ཀུ་བཟོ་སྟེ་ ཁྱབ་སྤེལ་འབད་མི་ འཛིན་བཟུང་འབད་ཡོདཔ།

༉ སྤྱི་ཟླ་༨ པའི་ཚེས་༤ ལས་ མི་སྡེ་བརྡ་བརྒྱུད་ནང་ ཕོ་སྐྱེས་ཅིག་གིས་ ན་གཞོན་བུཚ་ཅིག་ལུ་ བང་བཙོང་ཐོག་ བརྡུང་རྫོབ་འབད་བའི་ གློག་བརྙན་ཐུང་ཀུ་བཟོ་མི་ ཕོ་སྐྱེས་དེ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ནུག།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ སྐྱེས་ལོ་༢༠ ལང་མི་ གློ་བརྙན་བཟོ་མི་དེ་ སྤ་རོ་ལས་ཨིན་པའི་ཁར་ སློབ་རིམ་༡༢ པ་ལས་ ཤེས་ཡོན་འཕྲོ་མཐུད་སྦྱང་ནི་ལས་ བཤོལ་བཞག་ནུག་ཟེར་ཨིན་པས།
དབང་ཤུགས་ཐོག་ལས་ ན་ཆུང་བརྡུང་རྫོབ་འབདཝ་ད་ ཕོ་སྐྱེས་༣ འབྲེལ་གཏོག་འབད་མི་ལས་ གློག་བརྙན་བཟོ་མི་དང་ རྒྱབ་ཁར་ལས་ སྐད་རྐྱབ་མི་དེ་ འབྲེལ་འཛིན་མེདཔ་སྦེ་ སླབ་ཡོད་རུང་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ཡོད་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་ཨིན་པས།
འཐབ་འཛིང་དེ་ཡང་ འདས་པའི་ཟླཝ་ནང་ བར་སྦིས་ས་ ཝེ་ལེཇ་ཟ་ཁང་གི་ ཉེ་འདབས་ལུ་ རྐང་རྩེད་ཕུཊ་སཱལ་ རྩེད་ཐང་ནང་ བྱུང་ཡོདཔ་ཨིན་རུང་ གནད་དོན་དེའི་སྐོར་ལས་ ཁྲིམས་སྲུང་འགག་པ་དང་ ཉམས་རྒུདཔ་ཕམ་ཚུ་གིས་ གློག་བརྙན་ཁྱབ་སྤེལ་སོང་པའི་ཤུལ་ལས་རྐྱངམ་གཅིག་ ཤེས་རྟོགས་བྱུང་ནུག།
ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་མཇུག་བསྡུ་བའི་ཤུལ་ལས་ རྩོད་དོན་དེ་ ཁྲིམས་འདུན་ལུ་ གཏང་ནི་ཟེར་ བཤདཔ་ཨིན་པས།
དེ་ལས་ རྩོད་དོན་གཞན་ཅིག་ནང་ ཐིམ་ཕུག་མཐོ་རིམ་སློབ་གྲྭའི་ བུཚ་ཅིག་གིས་ དྲག་ཤུགས་ཐོག་ སྡུག་སྦྱོང་འབད་མི་ ཕོ་སྐྱེས་དེ་ ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་༡ དང་ཟླཝ་༦ བཀལ་ཡོདཔ་ད་ གནད་དོན་དེ་ནང་ འབྲེལ་གཏོགས་འབད་མི་ ཕོ་སྐྱེས་༣ གྱིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་མ་འབད་མི་ལུ་བརྟེན་ བཙོན་ཁྲིམས་ཉིན་གྲངས་༢༤ རེ་ བཀལ་ཡོདཔ་ཨིན་པས།
གྱི་གསོབ་མི་འཛིན་བཟུང་།
ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༨ པའི་ཚེས་༥ ལུ་ ཨོ་ལ་ཁ་ལུ་ སྐྱེས་ལོ་༣༩ ལང་མི་ ཕོ་སྐྱེས་ཅིག་ལུ་ གྱི་གསོབ་པའི་གནད་ལས་ གློག་བརྙན་གྱི་ འཁྲབ་རྩེདཔ་ཅིག་ འཛིན་བཟུང་འབད་ནུག།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ ཨོ་ལ་ཁ་ལུ་ སྣུམ་འཁོར་བཞག་སའི་སྐོར་ལས་ མ་འགྲིགས་པར་ ཁ་ཤགས་བྱུངམ་ད་ དོགས་ཅན་དེ་གིས་ ཕོ་སྐྱེས་གཞན་དེ་ལུ་ རྩིབས་སྒྲོའི་འོག་ལུ་ གྱི་གསོབ་བྱིན་ནུག་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ གནད་དོན་དེ་ཡང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གསོ་བའི་འགོ་དཔོན་ཚུ་གིས་ སྙན་ཞུ་ལྷོད་པའི་ཤུལ་ལས་རྐྱངམ་གཅིག་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།
གནད་དོན་དེ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ད་ དོགས་ཅན་དེ་ སྤྱི་ཟླ་༨ པའི་ཚེས་༥ ལས་ དོ་དམ་འོག་ལུ་ བཞག་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *