འཕྲལ་ཁམས་གཅིག་ཁར་སྟོང་གླིང་རྒེད་འོག་ནང་བསྒོར་མི་ གློག་ཐག་ར་བའི་མཐོང་སྣང་།

གློག་ཐག་ར་བ་ལུ་བརྟེན་ སོ་ནམ་གྱི་ཐོན་སྐྱེད་ཚུ་ ཡར་སེང་སོང་ཡོདཔ།

༉ བཀྲིས་སྒང་ར་ལྡི་ སྟོང་གླིང་པམ་སྤྱི་འོག་ལས་ ཀརྨ་བཀྲིས་ཀྱིས་ ན་ཧིང་ ལོ་ཐོག་གི་གྲུབ་འབྲས་ ལེགས་ཤོམ་ཐོན་མི་དེ་ལུ་ ངལ་རངས་བྱུང་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ དང་པ་ ཁོ་ར་དཀའཝ་སྤྱད་དེ་ ལཱ་རྩ་འགེངས་འབད་མི་དང་ གཉིས་པ་ཟེརཝ་ད་ གློག་ཐག་གི་ ར་བ་རྐྱབ་ནི་དེ་གིས་ ཨིན་ཟེར་ཨིན་པས།
སྤྱི་ལོ་༢༠༡༣ འགོ་བཙུགས་ཁམས་ཅིག་ཁར་ གློག་ཐག་ར་བ་ ཀི་ལོ་མི་ཊར་༢.༧ བསྒོར་ཡོད་མི་དེ་གིས་ སྤྱི་འོག་གི་ ལོ་ཐོག་ཚུ་གི་ གྲུབ་འབྲས་ལེགས་ཤོམ་ ཐོན་ཡོདཔ་སྦེ་ཨིན་པས།
ན་ཧིང་ རྫོང་ཁག་གིས་ གློག་ཐག་ར་བ་ཉམས་བཅོས་ཀྱི་ གནང་བ་གྲུབ་པའི་ཤུལ་ལུ་ གློག་ཐག་གི་ར་བ་ཚུ་ རྒྱ་བསྐྱེད་འབད་ཡོདཔ་ཨིན་པས།
ར་ལྡི་རྒེད་འོག་གི་ སྤྱི་འོག་གཞན་༤ ནང་ སྤྱ་དང་ རི་ཕག་ཚུ་གིས་ ལོ་ཐོག་ལུ་ གནོད་སྐྱོན་རྐྱབ་དོ་ཡོདཔ་ཨིན་རུང་ སྟོང་གླིང་པམ་གྱི་ མི་སེར་ཚུ་ ལོ་ཐོག་ལེགས་ཤོམ་ཐོན་ནི་དེ་གིས་ དགའ་སྟེ་ཡོདཔ་ཨིན་པས།
ན་ཧིང་ ར་ལྡི་རྒེད་འོག་གི་ མི་སེར་སོ་ནམ་པ་ཚུ་གི་ རེད་ཀེ་ཇི་༡༩༡༢ དང་ གེ་ཟ་ཀེ་ཇི་༢༦༣༦ དེ་ཅིག་ རི་ཕག་ཚུ་གིས་གནོད་སྐྱོན་རྐྱབ་སྦེ་ཡོདཔ་ད་ སྤྱི་ལོ་༢༠༡༥ འི་ལོ་ནང་ གེ་ཟ་ཀེ་ཇི་༡༤༦༢ རི་ཕག་ཚུ་གིས་ མེདཔ་བཏང་ཡོདཔ་ཨིན་པས།
ས་གནས་ཀྱི་ མི་སེར་ཚུ་གིས་ བཤད་མི་དང་འཁྲིལཝ་ད་ ལོ་ངོ་བཅུ་ཕྲག་ཅིག་གི་ཧེ་མར་ ར་ལྡི་རྒེད་འོག་གི་ སོ་ནམ་པ་ཚུ་ དཀའཝ་སྤྱད་པའི་གྲུབ་འབྲས་མང་ཤོས་ར་ རི་དྭགས་སེམས་ཅན་ཚུ་གིས་ མེདཔ་བཏང་ཡོདཔ་སྦེ་ཨིན་པས།
ར་ལྡི་གི་ མི་སེར་མང་ཤོས་ཅིག་གིས་ གློག་ཐག་ར་བ་ མཁོ་འདོད་བཀོད་དོ་ཡོདཔ་ལས་ རྒེད་འོག་སོ་ནམ་རྒྱ་བསྐྱེད་འགོ་དཔོན་གྱིས་ སོ་ནམ་པ་ཚུ་གིས་ གློག་ཐག་ར་བ་བསྒོར་ནིའི་དོན་ལུ་ གྲོས་འབུལ་ལྷོད་དེས་ཟེར་ཨིན་པས།
རི་ཕག་ཚུ་ བདའ་གཏང་ནི་གི་ ཐབས་ཤེས་ག་དེ་སྦེ་བཏོན་རུང་ བདའ་བཏང་མ་ཚུགས་པའི་ཤུལ་ལུ་ ཁྱིམ་གུང་པ་༡༢༣ གྱིས་ གློག་ཐག་རཝ་བསྒོར་ནི་གི་ གྲོས་འདེབས་ལྷོད་ཡོདཔ་ལས་ ག་དེམ་ཅིག་སྦེ་ ཆ་འཇོག་འགྲུབ་ཚུགས་པ་ཅིན་ དེ་གིས་ ས་ཆ་ཨེ་ཀར་༣༣༢ ལུ་ ཕན་ཐོགས་ཚུགས་ནི་ཨིན་པས།
ད་ལྟོ་ རྒེད་འོག་ནང་ སོ་ནམ་གྱི་ ལཱ་འབད་མི་ ཁྱིམ་གུང་པ་༧༦༥ ཡོདཔ་ཨིན་པས།
པདྨ་དབང་ཆེན་གྱིས་ འབད་བ་ཅིན་ གློག་ཐག་ར་བ་དེ་ བཟོ་སྐྲུན་འབད་དེ་ བཙུགས་པའི་སྐབས་ བདུན་ཕྲག་གཉིས་དེ་ཅིག་གི་རིང་ རྩྭ་བཏོག་ནི་དང་ རག་རོ་སེལ་ནི་གི་ལཱ་ དེ་ལས་ གཞི་བཙུགས་འབད་ཚར་ཞིནམ་ལས་ འཕྲལ་འཕྲལ་སྦེ་ར་ རྩྭ་བཏོག་དགོ་པས་ཟེར་ཨིན་པས།
དེ་བཟུམ་སྦེ་ གཞི་བཙུགས་འབད་བའི་སྐབས་ གློག་ཐག་གི་ཀཝ་དང་ ཚྭ་ དེ་ལས་ ས་སྣུམ་ཚུ་ དགོཔ་ལས་ དེ་ཚུ་མཁོ་སྒྲུབ་འབད་ནི་ལུ་ ཉམས་འཚེར་ཏེ་ གཞི་བཙུགས་མ་འབད་མི་ཡང་ ཡོདཔ་ཨིན་རུང་ ཁོ་གིས་འབད་བ་ཅིན་ མཐུན་རྐྱེན་ཚུ་གི་དོན་ལུ་ དངུལ་ཀྲམ་༡༢༠༠ ལས་ མི་གནས་པས་ཟེར་ཨིན་པས།
ར་ལྡི་རྒཔོ་ ཀུ་ལུང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ས་གནས་ནང་ གློག་མེ་དང་ མེ་རླུང་བ་ཡོ་གེསི་ལ་སོགས་པ་ཚུ་ ལྷོད་མི་ལུ་བརྟེན་ མེ་འཕུ་ནི་གི་ ཐབ་ཤིང་མར་བབས་སོང་ཡོདཔ་ད་ དེ་ལུ་བརྟེན་ ནགས་ཚལ་སྟུག་དྲགས་སོང་སྟེ་ རི་དྭགས་སེམས་ཅན་ཚུ་ ཐོནམ་མས་ཟེར་ཨིན་པས།
པདྨ་དབང་ཆེན་གྱིས་ འབད་བ་ཅིན་ ལོ་བསྟར་བཞིན་དུ་ ནགས་ཚལ་གྱི་ཉེ་འདབས་ལུ་ཡོད་མི་ ཞིང་ཚུ་ནང་ལས་ ལོ་ཐོག་བརྒྱ་ཆ་༥༠ དེ་ཅིག་ རི་དྭགས་སེམས་ཅན་གྱིས་ གནོད་སྐྱོན་རྐྱབ་ཚརཝ་མས་ཟེར་ཨིན་པས།
རི་དྭགས་སེམས་ཅན་ཚུ་གི་གྲས་ལས་ ལོ་ཐོག་མེདཔ་བཏང་མི་ མང་ཤོས་ཅིག་ རི་ཕག་ཨིནམ་ད་ དེ་གི་ཤུལ་ལས་ སྤྱ་ཚུ་གིས་ མེདཔ་བཏང་དོ་ཡོདཔ་ཨིན་པས།
ར་ལྡི་རྒེད་འོག་ནང་ སོ་ནམ་སྡེ་ཚན་གྱིས་ འཆར་དངུལ་དཔྱ་བགོ་རྐྱབ་ད་ མངམ་ཐོབ་ཡོདཔ་ད་ དེ་ཡང་ རྒེད་འོག་ནང་ དངུལ་ཀྲམ་ས་ཡ་༡༠.༦༣ བགོ་བཀྲམ་འབད་ས་ལས་ སོ་ནམ་སྡེ་ཚན་ནང་ དངུལ་ཀྲམ་ས་ཡ་༥.༦༧ ཐོབ་ཡོདཔ་ཨིན་རུང་ དེ་ནང་ གློག་ཐག་ར་བ་རྐྱབ་ནི་དེ་ ཚུད་དེ་མེདཔ་ཨིན་པས།
པདྨ་དབང་ཆེན་གྱིས་ གློག་ཐག་ར་བ་བསྒོར་ནིའི་དོན་ལས་ རྫོང་ཁག་གིས་ འཆར་དངུལ་སོ་སོར་སྦེ་ བཞག་ནི་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།

About admin

Check Also

ཆུ་འཛོམས་དང་ འཇིགས་མེད་ཆོས་གླིང་ལུ་ དངུལ་ཐོག་ཨ་ལཱན་ཅི་ཚུ་ལུ་ འབུབ་ཀྱིས་གནོད་སྐྱོན།

༉ གསར་སྤང་རྫོང་ཁག་ ཆུ་འཛོམས་དང་ འཇིགས་མེད་ཆོས་གླིང་རྒེད་འོག་༢ ཀྱི་ མི་སེར་ཚུ་གི་ དངུལ་ཐོག་གཙོ་ཅན་ཅིག་ཨིན་མི་ ཨ་ལཱན་ཅི་ཚུ་ལུ་ ངོས་འཛིན་འབད་མ་ཚུགས་པའི་ འབུབ་ཟུན་ཏེ་ཡོདཔ་ལས་ སོ་ནམ་པ་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ སོ་ནམ་རྒྱ་སྐྱེད་ཡིག་ཚང་ལུ་ སྙན་ཞུ་འབད་དེ་ ཉིནམ་དག་པ་ཅིག་ …

Leave a Reply

Your email address will not be published. Required fields are marked *