གློ་བུར་གྱི་ འགྲུལ་པ་ཚུ་ཡང་ ཉིནམ་༣ ངེས་པར་དུ་ ཟུར་སྡོད་དགོཔ།

༉ ད་རེས་ རྒྱལ་ཁབ་ནང་ ནད་འབུབ་ཀོ་བིཌ་-༡༩ ཐོབ་མིའི་གྱངས་ཁ་ ཡར་སེང་འགྱོ་བའི་སྐབས་ལུ་ གློ་བུར་གྱི་གནད་དོན་ ཤི་རྐྱེན་དང་ ནད་གཞི་ཚབས་ཆེན་ཐོབ་མི་ཚུ་རྐྱངམ་གཅིག་ ཐིམ་ཕུག་དང་ སྤ་རོ་ལས་ རྫོང་ཁག་གཞན་ཁར་ འགྲོ་འགྲུལ་འབད་ཆོག་ནི་ཨིན་རུང་ ཉིན་གྲངས་༣ རེ་ ཨིན་ཅི་མིན་ཅི་ རང་ད་ལྟོ་སྡོད་སའི་ ས་ཁོངས་ནང་ ཟུར་སྡོད་དགོཔ་ཨིན་པས།

ཉིན་གྲངས་༤ པའི་ནང་ ཨར་ཊི་-པི་སི་ཨར་ བརྟག་དཔྱད་འབད་བའི་ཤུལ་ལུ་ ནད་འབུབ་མེད་པའི་ གྲུབ་འབྲས་ཐོན་པ་ཅིན་ འགྲོ་འགྲུལ་འབད་བཅུག་འོང་ཟེར་ ཁ་ཙ་ བློན་ཆེན་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་བཀོད་ནུག།

དེ་བཟུམ་སྦེ་ འགྲོ་འགྲུལ་མི་དེ་གི་ ཁ་བྱང་ཚུ་ ཁོ་ར་འགྱོ་སའི་ ས་གནས་གཞུང་གི་ འགོ་དཔོན་ཚུ་ལུ་ སྤྲོད་ནི་དང་ ཨར་ཊི་-པི་སི་ཨར་ བརྟག་དཔྱད་འབད་བའི་ ཉིནམ་ལས་བརྩིས་ཏེ་ ཉིནམ་༧ གྱི་ ནང་འཁོད་ལུ་ ད་རུང་ ཨེན་ཊི་ཇེན་བརྟག་དཔྱད་འབད་དགོཔ་བཞིན་དུ་ ཀོ་བིཌ་-༡༩ འི་སྒྲིག་གཞི་དང་འཁྲིལ་བའི་ ས་སྟོང་ཚུ་ བཞག་དགོཔ་ཨིན་པས།

དེ་ལས་ རང་གི་ཁྱིམ་ནང་ མ་ལྷོད་པར་ ས་གནས་གཞན་ཁ་ལས་ཕར་ ཐོགས་ལུས་མི་ཚུ་ རྩ་ལས་ར་ འགྲོ་འགྲུལ་འབད་མི་ཆོག་ནི་ཨིན་པས།

ཨིན་རུང་ འགྲོ་འགྲུལ་འབད་དགོ་ མནོ་འདོད་ཡོད་མི་ཚུ་གིས་ མི་མང་བརྒྱུད་འཕྲིན་ལྟེ་བའི་ཨང་༡༠༡༠ ནང་ འབྲེལ་བ་འཐབ་དགོ་ནི་དང་ དེ་ནང་ལས་ གནད་དོན་དེ་ ཁག་ཆེཝ་ངེས་བདེན་ཨིན་མིན་ དབྱེ་བ་དཔྱད་དེ་ གློ་བུར་གྱི་ གནད་དོན་ཨིན་པ་ཅིན་ ཟུར་བཞག་ས་ཁོངས་ཚུ་ནང་ གཏང་འོང་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

ད་ལྟོ་ ཐིམ་ཕུག་དང་ སྤ་རོ་ལུ་ ཐོགས་ལུས་ཏེ་ རྫོང་ཁག་གཞན་ཁར་ རང་སོའི་ཁྱིམ་ནང་ ལོག་འགྱོ་མི་ཚུ་ ད་ལྟོ་སྡོད་སའི་ ས་ཁོངས་ནང་ ཉིན་གྲངས་༧ ངེས་པར་དུ་ ཟུར་སྡོད་དགོཔ་ཨིན་པས།

དེ་ལས་ ཉིན་གྲངས་༨ པའི་ནང་ ཨར་ཊི་-པི་སི་ཨར་ བརྟག་དཔྱད་འབད་བའི་ཤུལ་ལས་ ནད་རྟགས་མེད་པ་ཅིན་ འགྲོ་འགྲུལ་འབད་ཆོག་ནི་ཨིན་པས།

ལམ་ལུགས་དེ་ ཉེན་ཁ་ཅན་གྱི་ ས་ཁོངས་ཚུ་ནང་ སྡོད་མི་ཚུ་ལུ་ཡང་ ཅོག་ར་འཐདཔ་སྦེ་ ལག་ལེན་འཐབ་ནི་ཨིན་པས།

ལུང་ཕྱོགས་སོ་སོ་ཚུ་ནང་ལས་ ཐིམ་ཕུག་དང་ སྤ་རོ་ དེ་ལས་ ཉེན་ཁ་ཆེ་བའི་ ས་ཁོངས་ཚུ་ནང་ འགྲོ་འགྲུལ་འབད་བའི་སྐབས་ ཨེན་ཊི་ཇེན་བརྟག་དཔྱད་འབད་དགོཔ་ད་ གལ་སྲིད་ ནད་འབུབ་མེད་པ་ཅིན་རྐྱངམ་གཅིག་ འགྲོ་འགྲུལ་འཐབ་ཆོག་ནི་ཨིན་པས།

དེ་བཟུམ་སྦེ་ ཐིམ་ཕུག་དང་ སྤ་རོའི་བར་ན་ འགྲོ་འགྲུལ་འབད་མི་ཚུ་ལུ་ཡང་ ཅོག་འཐདཔ་སྦེ་ ལག་ལེན་འཐབ་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *