གློ་བུར་གྱི་དོན་ལུ་ གསོ་བའི་ཞབས་ཏོག་ཚུ་ གྲ་སྒྲིག་བཞག་དགོཔ།

༉ འདས་པའི་བདུན་ཕྲག་ནང་ དར་དཀར་ནང་ ལར་རྒྱབ་རྒེད་འོག་ནང་ ཟླཝ་༦ ལང་མི་ ཨ་ལོ་ཅིག་ སྤྱི་ཟླ་༨ པའི་ཚེས་༢༦ ལུ་ ནདཔ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ལུ་ བསྒུགས་སྡོད་པའི་སྐབས་ ཤི་རྐྱེན་བྱུང་ཡོད་པའི་ གནས་ཚུལ་ཁྱབ་སྤེལ་སོང་མི་དེ་གིས་ མི་སྡེ་ནང་ སེམས་ཕམ་བྱུང་བའི་ གཞི་གནད་ཅིག་ལུ་གྱུར་ནུག།
ལོ་རྒྱུས་དེ་ཡང་ ཚེ་འདས་ཨ་ལོའི་ཨ་པ་གིས་ མི་སྡེ་བརྡ་བརྒྱུད་ནང་ རྐྱེན་ངན་བྱུང་བའི་སྐོར་ལས་ ལོ་རྒྱུས་མདོར་བསྡུས་ཅིག་བྲིས་ཏེ་ བཙུགས་ཡོད་མི་ལས་ གློག་རིག་ཡོངས་འབྲེལ་ནང་ དར་ཁྱབ་རྒྱ་ཆེ་དྲགས་སྦེ་ སོང་ཡོདཔ་མ་ཚད་ མི་མང་གིས་འབད་རུང་ གཞུང་གིས་ ནདཔ་སྐྱེལ་འདྲེན་སྣུམ་འཁོར་ནང་ མར་ཁུ་བླུག་ནིའི་ ལམ་ལུགས་ལུ་ དྲི་བཀོད་འབད་ནུག།
མི་སྡེ་བརྡ་བརྒྱུད་ནང་བལྟ་བ་ཅིན་ མི་མང་ཤོས་ཀྱིས་ ནདཔ་སྐྱེལ་འདྲེན་སྣུམ་འཁོར་ནང་ མར་ཁུ་མེད་མི་ལུ་བརྟེན་ སྲོག་སྐྱབས་འབད་མ་ཚུགས་ཟེར་མི་དེ་ལུ་ བློ་འགྱོད་པའི་ བསམ་འཆར་ཚུ་ བཀོད་ནུག།
ལར་རྒྱབ་གཞི་རྟེན་སྨན་ཁང་གི་ གསོ་བའི་ལས་རོགཔ་གིས་ ཨ་ལོ་དེ་ དྲན་མེད་སྦེ་ སྨན་ཁང་ནང་ལྷོད་པའི་ཤུལ་ལས་ འབྲུག་རྗེས་སྒང་གི་ ནདཔ་སྐྱེལ་འདྲེན་སྣུམ་འཁོར་གྱི་ དེད་གཡོགཔ་དང་ འབྲེལ་བ་འཐབ་ད་ ཁོ་གིས་ ཁ་གསལ་སྦེ་ སྣུམ་འཁོར་ནང་ མར་ཁུ་མེད་ཟེར་ སླབ་ནི་དེ་གིས་ ཕྱི་རུའི་ཆུ་ཚོད་༣ དེ་ཅིག་ཁར་རྐྱངམ་གཅིག་ རྩི་རང་ལས་ ནདཔ་སྐྱེལ་འདྲེན་སྣུམ་འཁོར་ཅིག་ བདེ་སྒྲིག་འབད་ཚུགས་ཡི་ཟེར་ཨིན་མས།
དེ་བསྒང་ལས་ ནདཔ་ཨ་ལུ་དེ་ ཉིནམ་གཅིག་གི་རིང་ གཞི་རྟེན་སྨན་ཁང་དེ་ནང་ར་ ལུས་ཡོདཔ་མ་ཚད་ སྨན་བཅོས་འབད་ནིའི་ དུས་ཚོད་ནང་ ག་ནི་ཡང་ འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་མས།
མར་ཁུ་མེད་པའི་སྐོར་ལས་ དར་དཀར་ནང་གི་ དངུལ་རྩིས་འགོ་དཔོན་གྱིས་ མར་ཁུའི་ཐོ་དེབ་དང་འཁྲིལཝ་ད་ འབྲུག་རྗེས་སྒང་སྨན་ཁང་གི་དོན་ལུ་ མ་དངུལ་དེ་ མཁོ་འདོད་འབད་མི་དང་འཁྲིལ་ དུས་ཚོད་ལུ་ སྤྲོད་དོ་ཡོད་པའི་ཁར་ མར་ཁུའི་ཏི་རུ་མ་སྤྲོད་པར་ ཕྱིས་བཞག་པའི་ སྙན་ཞུ་མེད་པའི་སྐོར་ ཡོངས་འབྲེལ་ནང་ དོགས་སེལ་འབད་ཡོད་མི་ལུ་བལྟ་བ་ཅིན་ གནད་དོན་དེ་ ག་དེ་སྦེ་ཨིན་ན་ཡང་ ཧ་གོ་ཚུགས་ནི་ལུ་ ལཱ་ཁག་འདུག།
ད་ལྟོའི་ རྐྱེན་ངན་བྱུང་མི་ལུ་ ལར་རྒྱབ་གཞི་རྟེན་སྨན་ཁང་གི་ གསོ་བའི་ལས་རོགསཔ་གིས་ ཨ་ལོའི་སྲོག་སྐྱབས་འབད་ནིའི་དོན་ལུ་ ཐབས་ཤེས་ཚུ་བཏོན་་ཡོད་རུང་ ནདཔ་དེ་ སྨན་ཁང་ནང་ འགོ་དང་པ་ལྷོདཔ་ད་ དྲན་པ་མེད་པར་ ཚབས་ཆེན་འབག་འོང་ཡོདཔ་ལས་ ནདཔ་སྐྱེལ་འདྲེན་སྣུམ་འཁོར་ལུ་ བསྒུག་ནི་མེན་པར་ གློ་བུར་གྱི་ཞབས་ཏོག་ དཔེར་ན་ གནམ་གྲུ་ཧེ་ལི་ཀོབ་ཊར་གྱི་ ཞབས་ཏོག་བཟུམ་ལེན་ཏེ་ ཐིམ་ཕུག་གཙོ་བསྟེན་སྨན་ཁང་ནང་ བསྐྱལ་ཚུགས་པ་ཅིན་ ཨ་ལོ་དེ་ དུས་ཚོད་ཁར་ སྨན་བཅོས་འབད་ཚུགས་པའི་ འོས་འབབ་ཅིག་ཡང་ མཐོངམ་ཨིན་མས།
ཨིན་རུང་ རྐྱེན་ངན་དེ་ བྱུང་ཚར་བའི་གནད་དོན་ཅིག་ཨིནམ་ལས་ གཞན་འབད་ཐབས་ག་ནི་ཡང་མེད་རུང་ མ་འོངས་པའི་ནང་ དེ་བཟུམ་མའི་ གནས་སྟངས་དེ་ གཞན་ཨ་ལོ་གཞན་ཚུ་ལུ་ འབྱུང་མི་བཅུག་ནིའི་ཐབས་ཤེས་ལུ་ གཞུང་དང་ སྨན་ཁང་གི་འགོ་འཛིན་ཚུ་གིས་ ད་རེས་ཀྱི་ རྐྱེན་ངན་དེ་ལུ་བལྟ་སྟེ་ སྔོན་འགོག་གི་ཐབས་བྱུས་ཚུ་ བརྩམ་ནི་དང་ དེ་བཟུམ་མའི་ གློ་བུར་གནས་སྟངས་ཐོནམ་ད་ ག་དེ་སྦེ་ ངོས་ལེན་འབད་ནི་ཨིན་ན་ཚུ་ ཤེས་ཡོན་སྦེ་ ལེན་དགོཔ་ཁག་ཆེ་བས།
ཚེ་འདས་ཨ་ལོའི་ཕམ་༢ ཆ་ར་ལུ་ དུས་ཚོད་ད་རེས་བཟུམ་ཅིག་ནང་ བཟོད་མ་ཚུགས་པའི་ སྡུག་བསྔལ་དང་ སེམས་ཕམ་བྱུང་ནི་དེ་གིས་ ང་བཅས་ག་ར་གིས་ སེམས་གསོ་འབད་གེ།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *