རྟ་དྲེལ་ཚུ་གིས་ དོ་སྐྱེལ་འདྲེན་འབད་བའི་བསྒང་།

གླིང་བཞིཔ་ཚུ་གིས་ ལྟ་བཤལ་ཚུ་ལུ་བརྟེན་ འོང་འབབ་བཟོ་ཚུགས་དོ་ཡོདཔ།

༉ འཚོ་བ་ལ་ནོར་ལུ་བརྟེན་སྡོད་མི་ གླིང་བཞི་རྒེད་འོག་གི་ མི་སེར་ཚུ་གིས་ ལྟ་བཤལ་ལུ་བརྟེན་ འོང་འབབ་བཟོ་སྟེ་ འཚོ་བའི་གནས་སྟངས་ལེགས་བསྒྱུར་འབད་ཚུགས་དོ་ཡོདཔ་ཨིན་པས།
སྤྱི་ཟླ་༡༠ པ་ལས་ སྤྱི་ཟླ་༡༢ པ་ཚུན་ ཟླ་ངོ་༣ གྱི་རིང་ ལྟ་བཤལཔ་སྟོང་ཕྲག་ལས་བཅད་མི་ཚུ་གིས་ སྲོས་རྒེད་འོག་ནང་ཡོད་མི་ ཇོ་མོ་ལྷ་རི་དང་ གླིང་བཞི་རྒེད་འོག་ནང་ཡོད་མི་ ཚེ་རིང་ལ་དང་ བྱི་ཅུང་བྲག་སྐད་ མཚོ་ གངས་ཆེན་ དེ་ལས་ མི་སྡེའི་སྲོལ་ཁྱུན་ཚུ་ བལྟ་ནིའི་དོན་ལུ་སྦེ་ འོང་དོ་ཡོདཔ་ཨིན་པས།
དོ་སྐྱེལ་འདྲེན་འབད་མི་ ཕུརཔ་རྒྱལ་མཚན་གྱིས་ གླིང་བཞི་ལུ་འགྱོ་མི་ ཞི་གཡོགཔ་ཚུ་གི་ བཟའ་འཐུང་གི་རིགས་དང་ བཀབ་གོ་ལ་ཚུ་ རྟ་དྲེལ་༡༠ གུ་བཀལ་ཞིནམ་ལས་ སྤ་རོ་ ཤར་ནང་ལས་ དྲོ་པའི་ཆུ་ཚོད་༩ དེ་ཅིག་ལུ་ ལམ་འགྲུལ་འབད་ནི་འགོ་བཙུགས་ཡི།
ཤར་ནང་གཡུས་ཚན་ལས་ དུས་ཡུན་ཆུ་ཚོད་༧ དེ་ཅིག་ རྐང་སྟོང་འགྱོཝ་ད་ ཕྱི་རུ་ ཐང་ཐང་ཁ་ལུ་ ལྷོད་དོ་ཡོདཔ་ད་ དེ་གི་ནངས་པར་ ཇོ་མོ་ལྷ་རི་གི་རྩ་བར་ ལྷོད་ཞིནམ་ལས་ ལྟ་བཤལ་ཚོགས་སྡེ་གིས་ མགྲོན་ཁྱིམ་ རྐྱབ་ནིའི་ནང་ ཞག་སྡོདཔ་ཨིན་པས།
སྐྱེས་ལོ་༣༥ ལང་མི་ ཕུརཔ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཧེ་མ་དང་ཕྱདཔ་ད་ གཡུས་མི་ཚུ་གིས་ ད་རེས་ནངས་པར་ རྟ་དང་ དྲེལ་གསོ་ནི་ལུ་ བརྩོན་ཤུགས་བསྐྱེད་པའི་ཁར་ རྟ་དྲེལ་མེད་མི་ཚུ་གིས་ཡང་ མཁོ་སྒྲུབ་འབད་ནི་འགོ་བཙུགས་མི་དེ་ཡང་ ལོ་བསྟར་བཞིན་དུ་ ཕྱིའི་ལྟ་བཤལ་གྱི་གྱངས་ཁ་ ལོག་ལྟབ་སྦེ་ ཡར་སེང་སོང་ནི་དེ་གིས་ཨིན་པས།
སྤྱི་ལོ་༢༠༡༨ ལུ་ ལྟ་བཤལཔ་ཚུ་གི་ དོ་སྐྱེལ་འདྲེན་འབད་དེ་ འོང་འབབ་དངུལ་ཀྲམ་༡༠༠,༠༠༠ ལྷགཔ་ཅིག་ བཟོ་ཡི་ཟེར་ཨིནམ་ད་ དེ་ཡང་ ཉིནམ་རེ་ལུ་ རྟ་གླ་དངུལ་ཀྲམ་༣༠༠ རེ་འབདཝ་ད་ ཉིནམ་༤ ལུ་ རྟ་རེ་གིས་ དངུལ་ཀྲམ་༡༢༠༠ དང་ ཇོ་བདག་ལུ་ ཉིནམ་རེ་ལུ་ དངུལ་ཀྲམ་༧༠༠ རེ་ སྤྲོད་དགོཔ་ཨིན་པས།
ཐིམ་ཕུག་སྨད་ཝང་རྒེད་འོག་ ཚ་ལུང་ནང་ལས་ ཕུརཔ་རྒྱལ་མཚན་གྱིས་ ད་རེས་ནངས་པར་ གླིང་བཞི་རྒེད་འོག་ནང་ རྟའི་ཇོ་བདག་ཅིག་གི་འོག་ལུ་ ལཱ་འབད་སྡོད་དོ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ ཁོ་ར་ འོང་འབབ་མང་སུ་སྦེ་ བཟོ་ཚུགས་པའི་ས་གནས་ནང་ སྡོདཔ་ཨིན་ཟེར་ཨིན་པས།
རྫོང་ཁག་གཞན་དང་ཕྱདཔ་ད་ གླིང་བཞི་རྒེད་འོག་ནང་ འོང་འབབ་འབོར་ཆེ་ཏོག་ཏོ་སྦེ་ བཟོ་ཚུགས་པས་ཟེར་ཨིནམ་ད་ དེ་ཡང་ ལྟ་བཤལ་པའི་དུས་ཚོད་ལུ་ རྟ་དང་དྲེལ་ཚུ་ བདའ་ནི་དང་ གནམ་འབྱ་ལུ་ ཤིང་གི་ལཱ་ཚུ་ འབད་དོ་ཟེར་ཨིན་པས།
དེ་བཟུམ་སྦེ་ ལྟ་བཤལཔ་གི་དོ་སྐྱེལ་མི་ དྲེལ་༦ ཡོད་མི་ ཇོ་བདག་པདྨ་གིས་ སླབ་མིའི་ནང་ ལྟ་བཤལ་པའི་ དུས་ཚོད་ལུ་ དོ་སྐྱེལ་འདྲེན་འབད་མི་ལུ་བརྟེན་ ཟླཝ་༣ གྱི་ནང་འཁོད་ལུ་ འོང་འབབ་དངུལ་ཀྲམ་འབུམ་༢ ལྷགཔ་ཅིག་ བཟོ་ཚུགས་མི་དེ་ དུས་ཅི་ སྤྱི་ཟླ་༡༠ པའི་ནང་ལས་ འགོ་བཙུགས་འོང་ཟེར་ ཨིན་པས།
ཇོ་མོ་ལྷ་རིའི་རྩ་བར་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ལྟ་བཤལ་ཚུ་གི་དོན་ལུ་ མགྱོན་ཁྱིམ་དང་ གུར་སྤུབས་ སྡོད་ནིའི་ས་ཁོངས་ བཟོ་མིའི་ནང་ ལྟ་བཤལཔ་༡༠༠༠ ལྷགཔ་ཅིག་ ཤོང་ཚུགསཔ་ད་ དེ་གི་དོན་ལུ་ སྲུང་རྒྱབ་སྦེ་ ཞབས་ཏོག་བྱིན་མི་ སྲོས་རྒེད་འོག་ལས་ སྐྱེས་ལོ་༦༠ ལང་མི་ རྡོ་རྗེ་ཨིན་པས།
རྡོ་རྗེ་གིས་ སླབ་མིའི་ནང་ ལྟ་བཤལ་ཚོགས་སྡེ་གིས་ བཟོ་སྐྲུན་འབད་མི་ མགྱོན་ཁྱིམ་དེ་ ཕྱགས་བརྡར་རྐྱབ་སྟེ་ ཧིང་སངས་ས་བཟོ་བཞག་ནི་དང་ ཐང་ནང་ རྩ་རིངམོ་སྐྱེས་མི་ཚུ་བཏོག་ནི་ དེ་ལས་ གསང་སྤྱོད་ཚུ་ནང་ ཆུ་ཡོད་མེད་དང་ ཆབ་གསང་འཁྱུ་ནིའི་ འགན་ཁུར་འབག་དགོ་པའི་ཁར་ ལོ་རེ་ལུ་ ལྟ་བཤལ་ཚོགས་སྡེ་ལུ་ དངུལ་ཀྲམ་༡༠,༠༠༠ སྤྲོད་དགོ་ཟེར་ཨིན་པས།
ཨིན་རུང་ ཉིན་བསྟར་བཞིན་དུ་ མགྱོན་ཁྱིམ་ལག་ལེན་འཐབ་མི་ འབྲུག་མི་དང་ ཕྱི་མི་ཚུ་ལས་ འཐུས་བསྡུ་ལེན་ འབད་ནི་དང་ ཐང་སྤྱོད་མི་ཚུ་ལས་ འཐུས་བསྡུ་ལེན་འབད་མི་ཚུ་ ཐོ་བཀོད་བཞག་མི་དང་འཁྲིལཝ་ད་ ལོ་རེ་ལུ་ འོང་འབབ་དངུལ་ཀྲམ་༡༠༠,༠༠༠ ལྷགཔ་ཅིག་ ཐོབ་ཚུགས་པས་ཟེར་ རྡོ་རྗེ་གིས་ བཤདཔ་ཨིན་པས།
སྤ་རོ་ དོསཔ་ཤར་རི་ལས་ རྟ་བདའ་འོང་མི་ ཇོ་བདག་ཅིག་གིས་ སླབ་མིའི་ནང་ ལྟ་བཤལཔ་ཚུ་གི་ དོ་སྐྱེལ་འདྲེན་འབད་ནི་སྦེ་ ཁག་འབག་ལས་སྡེ་ཚུ་དང་ ཁ་བཟེད་ཡོདཔ་ལས་ ནམ་ར་འབད་རུང་ ལཱ་འབད་ཆོགཔ་སྦེ་སྡོད་དོ་ཡོདཔ་ལས་ འོང་འབབ་ལུ་ ཐོ་མི་ཕོག་ཟེར་ཨིན་པས།
ལྟ་བཤལཔ་གི་ དུས་ཚོད་མེན་པའི་སྐབས་ ཤར་ཕྱོགས་དང་ ལྷོ་ཕྱོགས་རྫོང་ཁག་ཚུ་ལས་ཕར་ རྟ་བདའ་སྟེ་ ཚལ་ལུ་བསྐྱལ་ནི་དང་ ཤིང་དང་ ལྕགས་ དེ་ལས་ རྩི་ས་དང་རྡོ་ཚུ་ བསྐྱལ་བར་འགྱོ་དོ་ཡོདཔ་ལས་ ལོ་རེ་ནང་ འོང་འབབ་འབོར་ཆེ་ཏོག་ཏོ་སྦེ་ར་ བཟོ་ཚུགས་པས་ཟེར་ཨིན་པས།
དང་ཕུ་ ཕམ་ཚུ་གི་སྐབས་ལུ་འབད་བ་ཅིན་ འཚོ་བ་ལ་ནོར་རྐྱངམ་གཅིག་འབདཝ་ལས་ སྤྱང་ཀ་སྦེ་ སྡོད་དགོཔ་ བྱུངམ་མ་ཚད་ གཙང་སྦྲ་འཕྲོད་བསྟེན་དང་ མི་སྡེའི་གནས་སྟངས་ཚུ་ སྐྱོ་དྲགས་ཅན་སྦེ་སྡོད་ནུག་ཟེར་ ན་གཞོན་ཚུ་གིས་ བཤདཔ་ཨིན་པས།
ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ སླབ་མིའི་ནང་ རྒེད་འོག་མཐའ་ཟུར་ཨིན་པའི་ཁར་ དང་ཕུ་ ལ་གོང་༣ གྱི་མི་སེར་ཚུ་ འཚོ་བ་ལ་ནོར་མ་གཏོགས་ ཐོན་ཁུངས་གཞན་མེདཔ་ལས་ དཀའ་ངལ་ཐོན་རུང་ མི་དབང་འབྲུག་རྒྱལ་༤ པ་མཆོག་གིས་ དབྱར་རྩྭ་དགུན་འབུབ་འཐུ་ཆོག་པའི་ གནང་བ་གནང་པའི་ཤུལ་ལས་ མི་སྡེའི་གནས་སྟངས་བསྒྱུར་བཅོས་སོང་ཡི་ཟེར་ ཨིན་པས།
དེ་བཟུམ་སྦེ་ སྤ་རོ་ཤར་ནག་གཡུས་ཚན་ལས་ གླིང་བཞི་རྒེད་འོག་ཚུན་ ཉིན་གྲངས་༤ གི་རིང་ འབྲུག་མི་ཚུ་དང་ ལྟ་བཤལཔ་ཚུ་གིས་ ས་ཆ་དང་ སེམས་ཅན་གྱི་རིགས་བལྟ་ནི་ དེ་ལས་ མི་སྡེའི་གནས་སྟངས་ བརྟག་ཞིབ་ཀྱི་དོན་ལུ་ འོང་དོ་ཡོདཔ་ལས་ ལོ་བསྟར་བཞིན་དུ་ མི་སྡེ་གོང་འཕེལ་འགྱོ་དོ་ཟེར་ བཤདཔ་ཨིན་པས།
ལྷག་པར་དུ་ གླིང་བཞི་རྒཔོ་དབང་ཕྱུག་གིས་ སླབ་མིའི་ནང་ སྤྱི་ཟླ་༡༠ པའི་ནང་ སྲོས་རྒེད་འོག་ ཇོ་མོ་ལྷ་རིའི་རྩ་བར་ འགྲེམ་སྟོན་ལས་རིམ་ གཞི་བཙུགས་འབད་དེ་ཡོདཔ་ལས་ འབྲུག་མི་དང་ ཕྱི་མི་སྟོང་ཕྲག་ལས་བཅད་དེ་ འཛོམས་ནི་ཡོདཔ་ལས་ དང་ཕུ་ རྐྱབ་སྲོལ་ཡོད་པའི་ ཞབས་ཁྲ་དང་ བཞེས་སྒོ་རིགས་ དེ་ལས་ ལམ་སྲོལ་ཚུ་ སྟོན་མི་དེ་གིས་ མི་སྡེ་ལུ་ ཕན་ཐོགས་བྱུང་ཡོདཔ་སྦེ་ཨིན་པས།
དེ་བཟུམ་སྦེ་ གཡུས་མི་ཚུ་གིས་ འོང་འབབ་བཟོ་ནིའི་དོན་ལུ་ རྟ་དྲེལ་ཚུ་ ལེ་ཤ་གསོ་དོ་ཡོདཔ་མ་ཚད་ གཡག་གསོ་ནི་ལུ་ཡང་ དམིགས་གཏད་བསྐྱེད་དོ་ཟེར་ཨིན་པས།
སྤྱི་ལོ་༢༠༡༨ ལས་ཚུར་ གློག་མེའི་མཐུན་རྐྱེན་དང་ བརྒྱུད་འཕྲིན་ དེ་ལས་ མཐུན་རྐྱེན་གཞན་ཚུ་ གཞུང་གིས་ གནང་སྟེ་ཡོད་ཟེར་ཨིན་པས།
སྲོས་རྒེད་འོག་ནང་ གུང་པ་༢༨ དང་ གླིང་བཞི་རྒེད་འོག་ནང་ གུང་པ་༨༦ དེ་ཅིག་ཡོདཔ་ད་ མི་སེར་ཚུ་གིས་ བཟའ་འཐུང་དང་ བཀབ་གོ་ལ་ཚུ་ ཐིམ་ཕུག་དང་ སྤ་རོ་ཁྲོམ་ལས་ མཁོ་སྒྲུབ་འབད་དོ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས། གླིང་བཞི།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *