གླིང་བཞི་སློབ་གྲྭ་ཆུང་བའི་ སློབ་ཕྲུག་ཨ་ལོ་ཚུ།

གླིང་བཞི་སློབ་གྲྭ་ཆུང་བ་ བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་སློབ་གྲྭ་སྦེ་ བཟོ་ནི།

༉ སང་ཕོད་ལས་ གླིང་བཞི་སློབ་གྲྭ་ཆུང་བ་དེ་ སློབ་རིམ་༨ པ་ཚུན་ རྒྱ་སྐྱེད་འབད་ནི་ཨིན་པའི་ཁར་ རྒྱལ་ཁབ་ནང་ བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་ལྡན་པའི་ སློབ་གྲྭ་ཅིག་སྦེ་བཟོ་ནིའི་དོན་ལུ་ གཞུང་གིས་ ལཱ་འབད་བའི་བསྒང་ཡོདཔ་ཨིན་པས།

དེ་ཡང་ ཐིམ་ཕུག་རྫོང་ཁག་ཚོགས་འདུ་ཐེངས་༩ པ་ འགོ་འདྲེན་འཐབ་པའི་སྐབས་ གླིང་བཞི་རྒེད་འོག་གིས་ གྲོས་གཞི་ཕུལ་མིའི་གུ་ གསོ་བ་བློན་པོ་བདེ་ཆེན་དབང་མོ་གིས་ མོ་བཏབ་ལས་རིམ་སྦེ་ འཕྲུལ་རིག་ལྡན་པའི་སློབ་གྲྭ་ གཞི་བཙུགས་འབད་ནིའི་དོན་ལུ་ ལཱ་འབད་བའི་བསྒང་ཡོད་ཟེར་ཞུ་ཡི།

གླིང་བཞི་རྒེད་འོག་གི་དམངས་མི་ ཚེ་རིང་རྡོ་རྗེ་གིས་ ཞུ་མིའི་ནང་ སློབ་རིམ་༦ པ་མཇུག་བསྡུ་ཞིནམ་ལས་ ས་གནས་གཞན་ཚུ་ནང་ གཏང་པའི་སྐབས་ ཟད་འགྲོ་ལྕི་བའི་ཁར་ ཨ་ལོ་ཆུང་སོཔ་ལས་ ཕམ་དང་ ཨ་ལོ་༢ ཆ་རང་གིས་ འཕྲོ་མཐུད་ཤེས་སྦྱང་ནི་བཞག་སྟེ་ གཡུས་ཁར་ཐོན་སྡོད་དོ་ཡོདཔ་ལས་ གཡུས་མི་ཚུ་གི་རེ་འདོད་དང་ ཨ་ལོ་ཚུ་གིས་འབད་རུང་ གླིང་བཞི་སློབ་གྲྭ་ཆུང་བ་དེ་ སློབ་རིམ་༨ པ་ཚུན་ རྒྱ་སྐྱེད་གནང་དགོཔ་འདུག་ཟེར་ཨིན་པས།

དེ་བཟུམ་སྦེ་ འདས་པའི་ཚོགས་ཐེངས་ཚུ་ནང་ཡང་ གྲོས་གཞི་གུ་ གསུང་གྲོས་གནང་རུང་ ངོས་ལེན་མཛད་མ་ཚུགས་མི་ལུ་བརྟེན་ ལོག་སྟེ་ར་ གྲོས་གཞི་བཙུགས་ཡི་ཟེར་ ཞུ་ཡི།

བློན་པོ་བདེ་ཆེན་དབང་མོ་གིས་ ཞུ་མིའི་ནང་ གླིང་བཞི་སློབ་གྲྭ་དེ་ བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་སློབ་གྲྭ་སྦེ་ གཞི་བཙུགས་འབད་ནི་དང་ སློབ་རིམ་༦ པ་ལས་༨ པ་ཚུན་ རྒྱ་སྐྱེད་འབད་དགོ་མི་དེ་ཡང་ འོས་འབབ་ལྡན་ཏོག་ཏོ་ཡོདཔ་ལས་ དུས་ཐུང་མེན་པར་ ཡུན་བརྟན་སྦེ་ ལཱ་འབད་དགོཔ་ཁག་ཆེ་ཟེར་ཨིན་པས།

བློན་པོ་གིས་ ཞུ་མིའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ཀྱི་དགོངས་བཞེད་ཡང་ སློབ་གྲྭ་དེ་ནང་ བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་གི་ གཞི་རྟེན་མཐུན་རྐྱེན་ཚུ་ བཙུགས་ཞིནམ་ལས་ ན་གཞོན་སློབ་ཕྲུག་ཚུ་ལུ་ ཤེས་ཡོན་སྤེལ་ནི་དེ་ཨིནམ་ལས་ མོ་བཏབ་ལས་རིམ་ལུ་ གཙོ་བོར་བཟུང་སྟེ་ཡོད་ཟེར་ཨིན་པས།

རྫོང་ཁག་ཤེས་རིག་གཙོ་འཛིན་འགོ་དཔོན་ བཀྲིས་རྣམ་རྒྱལ་གྱིས་ ཞུ་མིའི་ནང་ སྤྱི་ལོ་༢༠༡༡ དང་༢༠༡༢ ལུ་ སློབ་ཕྲུག་༡༤ གིས་ སློབ་གྲྭ་བཤོལ་བཞག་ཞིནམ་ལས་ བུཚ་༥ གིས་ དགེ་སློང་ནང་ འཛུལ་ཞུགས་འབད་ཡོདཔ་ད་ བུམོ་ཚུ་གིས་ གཉེན་རྐྱབ་སྡོད་ནུག་ཟེར་ཨིནམ་ད་ དེ་ཡང་ སློབ་རིམ་༦ པ་ མཇུག་བསྡུ་ཞིནམ་ལས་ ཕམ་དང་ སྤུན་ཆ་ དེ་ལས་ གཡུས་སྤངས་ཏེ་ ས་ཐག་རིང་སར་ དཔེ་ཆ་ལྷབ་པར་འགྱོ་དགོ་པའི་ གནད་དོན་ཅིག་འདུག་ཟེར་ཨིན་པས།

ད་རེས་ སློབ་དཔོན་ཚུ་གི་སྡོད་ཁྱིམ་ བཟོ་སྐྲུན་འབད་མི་དེ་ མཇུག་བསྡུ་བའི་ཁར་ སློབ་གྲྭའི་སྤྱི་དོན་ཁང་ ཉམས་བཅོས་འབད་དོ་ཡོདཔ་ཨིན་པས།

དེ་ལས་ སློབ་ཕྲུག་ཚུ་གི་ཉལ་ཁྱིམ་ བཟོ་སྐྲུན་འབད་དགོཔ་ཡོད་མི་ལས་ ད་རེས་ གསང་སྤྱོད་ཡང་ གཅིག་ཁར་སྦེ་ བུམོ་གི་ཉལ་ཁྱིམ་བཟོ་སྐྲུན་འབད་བའི་བསྒང་ཡོདཔ་མ་ཚད་ སང་ཕོད་ལས་ སློབ་ཁང་༣ བཟོ་སྐྲུན་འབད་ནི་ཨིནམ་མ་ཚད་ ལྕགས་སྐུད་ར་བ་བསྒོར་ནི་ཨིན་ཟེར་ གཙོ་འཛིན་འགོ་དཔོན་གྱིས་ བཤད་ཅི།

དར་ལ་རྒེད་འོག་གི་རྒཔོ་དང་ རྫོང་ཁག་ཚོགས་འདུའི་ཁྲི་འཛིན་གྱིས་ ཞུ་མིའི་ནང་ ལ་གོང་༣ གྱི་ མི་སེར་ཚུ་གི་དོན་ལུ་ སྲོས་རྒེད་འོག་ནང་ སློབ་རིམ་༤ པ་ལས་༦ པ་ཚུན་ ཡར་སེང་འབད་བའི་ཁར་ ནཱ་རོ་རྒེད་འོག་གི་ སློབ་གྲྭ་དེ་ ལྟོ་ཐོབ་སློབ་གྲྭ་ བཟོ་གནང་དགོཔ་སྦེ་ འདས་པའི་ཚོགས་ཐེངས་ཀྱིས་ གྲོས་ཐག་བཅད་དེ་ གཞུང་ལུ་ ཕུལ་ཡོདཔ་བཞིན་དུ་ ངོས་ལེན་མཛད་གནང་སྟེ་ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ གླིང་བཞི་སློབ་གྲྭ་ཆུང་བ་དེ་ འབྲིང་རིམ་སློབ་གྲྭ་འོག་མ་གུ་ ཡར་སེང་གནང་ནི་ཨིན་ཟེར་ གྲོས་ཆོད་བཏོན་མི་དེ་ གཞུང་ལུ་ ཕུལ་ནི་སྦེ་ གྲོས་ཐག་བཅད་གནང་ཡི།

རྫོང་ཁག་དང་འབྲེལ་བའི་གྲོས་གཞི་༩ དང་ ལུང་ཕྱོགས་ཡིག་ཚང་དང་འབྲེལ་བའི་ གྲོས་གཞི་༣ གུ་ གསུང་གྲོས་གནང་ཡོདཔ་བཞིན་དུ་ གསོ་བ་བློན་པོ་ བདེ་ཆེན་དབང་མོ་དང་ ཐིམ་ཕུག་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ཚེ་དབང་རིན་འཛིན་༢ ཀྱིས་ ཚོགས་འདུ་ནང་ གྲལ་བཞུགས་གནང་ཡི།

ཉིནམ་༢ འབད་མི་ རྫོང་ཁག་ཚོགས་འདུ་དེ་ ད་རིས་ འགྲོལ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *