གླིང་བཞི་གཡུས་ཚན།

གླིང་བཞི་ལུ་ ཨ་ལོ་གཅེས་སྐྱོང་གོང་འཕེལ་ལྟེ་བ་གཞི་བཙུགས་འབད་ནི།

༉ ཐིམ་ཕུག་གླིང་བཞི་དྲུང་ཁག་ནང་ ཨ་ལོ་ཡར་སྐྱེད་དང་ གཅེས་སྐྱོང་གོང་འཕེལ་ལྟེ་བ་གཉིས་ དུས་ཅིའི་ལོ་སྔ་ཆ་ལུ་ སྒོ་ཕྱེ་ཡོད་རུང་ ལག་ལེན་འཐབ་མ་ཚུགསཔ་ལས་ སང་ཕོད་ལོག་སྒོ་ཕྱེ་ནི་ཨིན་པས།
སྤྱི་ལོ་༢༠༡༨ ཟླ་༡༡ པའི་ནང་ གླིང་བཞི་གཅེས་ཕུག་དང་ གོང་ཡུལ་གཡུས་ཚན་༢ ནང་ ཨ་ལོ་ཡར་སྐྱེད་དང་ གཅེས་སྐྱོང་གོང་འཕེལ་ལྟེ་བ་༢ གཞི་བཙུགས་འབད་ནི་ཨིན་པས།
དྲུང་ཁག་གི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དུས་ཅི་ བར་མཚམས་ཅིག་ལས་ ཨ་ལོ་གཅེས་སྐྱོང་གོང་འཕེལ་ལྟེ་བ་ཚུ་ སྒོ་ཕྱེ་ཞིནམ་ལས་ ལག་ལེན་འཐབ་ནིའི་ ལས་འཆར་ཡོད་རུང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ ཕན་རོགས་འབད་མི་དགོཔ་སྦེ་ ཞུ་བ་ཕུལ་མི་ལུ་ ངོས་ལེན་མ་ཐོབ་ལས་ དེ་སྦེ་ར་ ལུས་སོ་ཡི་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ དྲུང་ཁག་གི་དོན་ལུ་ ཨ་ལོ་ཡར་སྐྱེད་དང་གཅེས་སྐྱོང་གོང་འཕེལ་ལྟེ་བའི་ ཕན་རོགས་པ་གཏང་ནི་སྦེ་ ཆ་འཇོག་གྲུབ་ཡོདཔ་བཞིན་དུ་ འཕྲལ་མགྱོགས་ར་ ས་སྟོང་གསལ་བསྒྲགས་འབད་འོང་ཟེར་ ཐིམ་ཕུག་རྫོང་ཁག་གི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
རྫོང་ཁག་གིས་ གོང་ཡུལ་མི་སྡེ་ལྟེ་བའི་ ཁང་མིག་དེ་ ཉམས་བཅོས་འབད་ཡོདཔ་མ་ཚད་ གསང་སྤྱོད་གསརཔ་རྐྱབ་པའི་ཁར་ གླིང་བཞི་སློབ་གྲྭ་ཆུང་བའི་ནང་ ཨ་ལོ་ཡར་སྐྱེད་དང་གཅེས་སྐྱོང་གོང་འཕེལ་ལྟེ་བ་ གཞི་བཙུགས་འབད་ནུག།
དུས་ཅི་ སྤྱི་ཟླ་༤ པའི་ཚེས་༢༥ ལུ་ གཅེས་ཕུག་ལུ་ ལྟེ་བ་སྒོ་འབྱེད་འབད་བའི་སྐབས་ ཨ་ལོ་༡༨ དང་ ཕམ་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ད་ ལས་རིམ་འགོ་འདྲེན་འཐབ་མི་ཚུ་གིས་ ལྟེ་བ་གཞི་བཙུགས་དགོ་པའི་དམིགས་ཡུལ་དང་ གོ་བརྡ་ཚུ་ སྤྲོད་ཡོདཔ་ཨིན་པས།
རྒྱ་མཚོའི་གནས་ཚད་ལས་ མཐོ་ཚད་མི་ཊར་༤,༠༠༠ ལྷགཔ་ཅིག་ནང་ཆགས་མི་ གླིང་བཞི་དྲུང་ཁག་ནང་ རྒེད་འོག་༣ ཡོད་མི་ལས་ གླིང་བཞི་རྒེད་འོག་ནང་ ཁྱིམ་གུང་པ་༨༦ ཡོད་མི་དེ་ མཐོ་ཤོས་ཅིག་ཨིནམ་ལས་ ཨ་ལོ་༤༧ དེ་ཅིག་ ལྟེ་བའི་ནང་ འཛུལ་ཞུགས་འབད་ནིའི་ འོས་འབབ་ཡོདཔ་ཨིན་པས།
ཨིན་རུང་ འགོ་དཔོན་ཚུ་གིས་འབད་བ་ཅིན་ སྲོས་དང་ གླིང་བཞི་རྒེད་འོག་༢ ཀྱི་ མི་སེར་ལ་ལོ་ སྤ་རོ་རྫོང་ཁག་ནང་ གཞིས་ཆགས་ཡོདཔ་ལས་ ཨ་ལོ་༣༠ ལས་བརྒལ་ ལྟེ་བའི་ནང་ མི་འོང་ནི་བཟུམ་འདུག་ཟེར་ཨིན་པས།
གཡུས་ཚན་དེ་གཉིས་ནང་ གཞི་བཙུགས་འབད་མི་ ཨ་ལོ་ཡར་སྐྱེད་དང་གོང་འཕེལ་ལྟེ་བ་དེ་ འཛམ་གླིང་སྤྱི་ཚོགས་ཨ་ལོའི་མ་དངུལ་ ཡུ་ནི་སེཕ་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ རྐྱབ་ཡོདཔ་ཨིན་པས།
དུས་ཅིའི་ ལོ་བསྟར་ཤེས་རིག་གནས་སྡུད་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ཨ་ལོ་ཡར་སྐྱེད་དང་གཅེས་སྐྱོང་གོང་འཕེལ་ལྟེ་བ་༣༧༩ ལུ་ ཨ་ལོ་༨,༧༤༣ དང་ ཕན་རོགས་སློབ་སྟོན་པ་༨༢༠ ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས། གླིང་བཞི།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *